༄༅། །གུ་རུ་པདྨ་འབྱུང་གནས་ལ་སྨོན་པ་རིག་འཛིན་དགྱེས་པའི་ཞལ་ལུང་། །

ཨེ་མ་ཧོ།

ཕྱོགས་དུས་རྒྱལ་ཀུན་རྩ་གསུམ་ཆོས་སྐྱོང་གི། །ཐུགས་རྗེ་བྱིན་རླབས་གཅིག་ཏུ་བསྡུས་པའི་སྐུ། །སྐྱབས་གཅིག་མཚོ་སྐྱེས་རྡོ་རྗེ་དྲིན་པོ་ཆེ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྙིགས་དུས་ལས་ངན་ཚེ་ལོ་བརྒྱ་བའི་ཚེ། །ཚེ་མཐར་མི་ཕྱིན་བར་ཆད་མང་བའི་དུས། །ཁྱེད་ནི་རིག་འཛིན་ཚེ་ལྷའི་འཁོར་གྱིས་བསྐོར། །ཚེ་ཡི་བར་ཆད་སོལ་ཅིག་པདྨ་འབྱུང་། །སྙིགས་དུས་ལས་ངན་ས་བཅུད་ཉམས་པའི་ཚེ། །འབྲུ་བཅུད་མི་འཕེལ་བཙའ་སད་མང་བའི་དུས། །གུ་རུ་འབྲུ་ཡི་གཏེར་བདག་ཚོགས་ཀྱིས་བསྐོར། །འབྲུ་བཅུད་དངོས་གྲུབ་སྩོལ་ཅིག་པདྨ་འབྱུང་། །སྙིགས་དུས་ལས་ངན་བསོད་ནམས་མར་འགྲིབ་ཚེ། །དབུལ་འཕོང་ཕྱྭ་གཡང་ཟས་བཅུད་ཉམས་པའི་དུས། །གུ་རུ་ཛམ་བྷ་ལྷ་ཚོགས་འཁོར་གྱིས་བསྐོར། །རྒྱུ་ནོར་གཏེར་མཛོད་སྩོལ་ཅིག་པདྨ་འབྱུང་། །སྙིགས་དུས་ལས་ངན་དཀར་ཕྱོགས་བླ་འཁྱམས་ཚེ། །ནག་ཕྱོགས་གཞི་བདག་ས་གནས་བཟུང་པའི་དུས། །གུ་རུ་གཞི་བདག་ཟོ་དོར་འཁོར་གྱིས་བསྐོར། །དཀར་ཕྱོགས་རང་གནས་འཁོར་ཅིག་པདྨ་འབྱུང་། །སྙིགས་དུས་ལས་ངན་ཆར་ཆུ་མི་འབེབ་ཚེ། །ལྷ་ཀླུ་གཞི་བདག་ཚོགས་རྣམས་ཉམས་པའི་དུས། གུ་རུ་ཀླུ་རྒྱལ་ཆར་སྤྲིན་འཁོར་གྱིས་བསྐོར། །ཆར་ཆུ་དུས་སུ་ཕོབ་ཅིག་པདྨ་འབྱུང་། །སྙིགས་དུས་ལས་ངན་འཁྲུགས་རྩོད་བྱེད་པའི་ཚེ། །སེམས་ཅན་མང་པོ་གྲི་ཤི་གསར་བྱུང་དུས། །གུ་རུ་ཡི་དམ་ཁྲོ་བོ་ཁྲོ་མོས་བསྐོར། །དུས་འཁྲུགས་དགྲ་དཔུང་ཟློག་ཅིག་པདྨ་འབྱུང་། །སྙིགས་དུས་ལས་ངན་སྒོ་ནོར་འཆི་བའི་ཚེ། །ས་གཉན་གློ་ཧོན་ནད་རིགས་དར་བའི་དུས། །གུ་རུ་མཁའ་འགྲོ་ནོར་ལྷའི་ཚོགས་ཀྱིས་བསྐོར། །ནོར་ནད་ཐམས་ཅད་སོལ་ཅིག་པདྨ་འབྱུང་། །སྙིགས་དུས་ལས་ངན་ནད་རིམས་འོང་བའི་ཚེ། །ཚ་གྲང་གོ་ལྡོག་སྨན་སྦྱོར་མི་ཕན་དུས། །གུ་རུ་སངས་རྒྱས་སྨན་ལྷའི་འཁོར་གྱིས་བསྐོར། །ནད་རིམས་མཐའ་ལ་བཟློག་ཅིག་པདྨ་འབྱུང་། །སྙིགས་དུས་ལས་ངན་བསམ་དོན་མི་འགྲུབ་ཚེ། །དམ་ཆོས་ཁ་ལོ་འདྲེ་ཡིས་བསྒྱུར་བའི་དུས། །གུ་རུ་གེ་སར་ལྷ་སྲུང་ཚོགས་ཀྱིས་བསྐོར། །བསམ་དོན་ཆོས་བཞིན་མཛོད་ཅིག་པདྨ་འབྱུང་། །སྙིགས་དུས་ལས་ངན་དགེ་སྦྱོར་མི་འགྲུབ་ཚེ། །བཤད་སྒྲུབ་ཚུལ་ཁྲིམས་བར་ཆད་མང་བའི་དུས། །གུ་རུ་རྩ་བརྒྱུད་བླ་མ་འཁོར་གྱིས་བསྐོར། །དགེ་ཚོགས་མཐའ་ཕྱིན་མཛོད་ཅིག་པདྨ་འབྱུང་། །སྙིགས་དུས་ལས་ངན་གཟའ་སྐར་འཁྲུགས་པའི་ཚེ། །ནམ་མཁར་མེ་འོད་སྤྲིན་ཚོགས་ཤར་བའི་དུས། །གུ་རུ་དུས་འཁོར་ལྷ་ཚོགས་འཁོར་གྱིས་བསྐོར། །རྒྱུ་སྐར་ཐན་ལྟས་བཟློག་ཅིག་པདྨ་འབྱུང་། །སྙིགས་དུས་ལས་ངན་བར་སྣང་སྒྲ་གྲགས་ཚེ། །ས་གཞི་འགུལ་ནས་སྐྲག་བསྔངས་འོང་བའི་དུས། །གུ་རུ་ས་གནོན་ཁྲོ་རྒྱལ་འཁོར་གྱིས་བསྐོར། །ས་གཡོ་མཚོ་འགུལ་བཟློག་ཅིག་པདྨ་འབྱུང་། །སྙིགས་དུས་ལས་ངན་འདྲེ་བགེགས་དར་བའི་ཚེ། །ཤི་འདྲེ་གསོན་འདྲེས་གནོད་པར་བྱེད་པའི་དུས། །གུ་རུ་ཡི་དམ་དྲག་པོ་འཁོར་གྱིས་བསྐོར། །འདྲེ་གདོན་དམ་ལ་ཐོག་ཅིག་པདྨ་འབྱུང་། །སྙིགས་དུས་ལས་ངན་མ་རུང་ལྟས་ཚོགས་ཚེ། །ས་ཆུ་མེ་རླུང་འབྱུང་དགྲ་འཁྲུགས་པའི་དུས། །གུ་རུ་འབྱུང་ལྷའི་རྒྱལ་པོ་འཁོར་གྱིས་བསྐོར། །འབྱུང་དགྲའི་བགེགས་ཚོགས་བསྐྲོད་ཅིག་པདྨ་འབྱུང། །བདག་སོགས་ནམ་ཞིག་འཆི་བའི་དུས་བྱུང་ཚེ། །ཆོས་ཉིད་སྲིད་པ་བར་དོ་འཆར་བའི་དུས། །གུ་རུ་སྣང་མཐའི་ལྷ་ཚོགས་འཁོར་གྱིས་བསྐོར། །བདེ་ཆེན་ཞིང་དུ་དྲོངས་ཤིག་པདྨ་འབྱུང་། །ཕྱི་ཡི་བར་ཆད་འབྱུང་བཞིའི་གཡོ་འཁྲུགས་བཟློག །ནང་གི་བར་ཆད་སེམས་ཀྱི་སྡུག་བསྔལ་སོལ། །གསང་བའི་བར་ཆད་སེམས་ཀྱི་འཁྲུལ་རྟོག་སོལ། །ཐུགས་ཡིད་དབྱེར་མེད་མཛོད་ཅིག་པདྨ་འབྱུང་། །ཨོཾ་ཨྰཿཧཱུྃ་ཧྲྰིཿ བཛྲ་གུ་རུ་པདྨ་སིདྡྷི་ཧྰུྃ། །ཞེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་ཆུ་འབྲུག་རྒྱལ་ཟླའི་རྫོགས་པ་གསུམ་པར་ཤྲྰི་མ་ལ་ཡའི་ རི་རྩེ་ནས་ཨེ་མ་ཧོས་ཐོལ་བྱུང་དུ་སྨོན་པ་དོན་དང་ལྡན་པར་གྱུར་ཅིག་གུ། །ཤྲྰི་སརྦ་བི་ཛ་ཡནྟུ། །