༄༅། །དབུ་རྫོགས་ཕྱག་གསུམ་སོགས་ཕྱོགས་རིས་མེད་པར་སྒྲུབ་པའི་

མགུར་བཞུགས་སོ།

ཞབས་དཀར་ཚོགས་དྲུག་རང་གྲོལ།

དབུ་རྫོགས་ཕྱག་ཆེན་ཞི་བྱེད་གཅོད། །    བརྒྱུད་པའི་བླ་མ་ཐམས་ཅད་ལ། །    གསོལ་བ་འདེབས་སོ་གྲུབ་མཐའ་ལ། །    ཕྱོགས་རིས་མེད་པར་བྱིན་གྱིས་རློབས། །

    ཡང་དག་རྫོགས་པའི་སངས་རྒྱས་ས། །    དཔེར་ན་རི་ཞིག་རྩེ་དང་འདྲ། །    དབུ་རྫོགས་ཕྱག་ཆེན་ཞི་བྱེད་གཅོད། །    དཔེར་ན་ཕྱོགས་བཞིར་ལམ་དང་འདྲ། །

    དེ་རྣམས་ཉམས་ལེན་གང་ཟག་རྣམས། །    ལམ་དེ་རྣམས་ལ་འགྲོ་མི་འདྲ། །    ཆོས་རྣམས་ཅུང་ཟད་མི་གཅིག་པ། །    དཔེར་ན་ལམ་རྣམས་མི་གཅིག་འདྲ། །

    ཆོས་རྣམས་ཅུང་ཟད་མ་མཐུན་ན། །    གཅིག་གིས་གཅིག་ལ་ཁྱོད་ཀྱི་ཆོས། །    ཆོས་ལོག་ཡིན་ཞེས་སྨོད་པ་དེ། །    དཔེར་ན་ཕྱོགས་བཞིའི་ལམ་རྣམས་ཀྱི། །    ཆེ་ཆུང་བདེ་གཟར་འཁྱོག་དྲང་སོགས། །    མ་མཐུན་གཅིག་གིས་གཅིག་པོ་ལ། །    ཁྱོད་ཀྱི་ལམ་དེ་ལམ་མ་ཡིན། །    ལམ་ལོག་ཟེར་ནས་སྨོད་དང་འདྲ། །

    ཉམས་སུ་ལེན་ཚུལ་མི་གཅིག་པ། །    དཔེར་ན་ལ་ལ་རྟ་བཟང་ཞོན། །    ལ་ལས་ཁལ་བཀལ་ལ་ལས་ཡིས། །    ཁུར་བོ་ཁུར་ནས་འགྲོ་དང་འདྲ། །

    མྱུར་དང་མི་མྱུར་ཁྱད་ཆེ་བ། །    དཔེར་ན་རྟ་པ་སྔོན་དུ་སླེབས། །    ཁལ་མ་ཅན་རྣམས་དེའི་འཕྲོར་བསླེབ། །    ཁུར་ཅན་ཕྱི་ནས་སླེབ་དང་འདྲ། །

    ཆོས་གང་ཉམས་སུ་བླངས་ཙ་ན། །    སངས་རྒྱས་གོ་འཕང་ཐོབ་པ་དེ། །    དཔེར་ན་ལམ་བཞིའི་གང་གྱེན་དུ། །    སོང་ཡང་རི་རྩེར་ཕྱིན་དང་འདྲ། །

    དེ་ཕྱིར་སངས་རྒྱས་ཐོབ་པའི་ཐབས། །    དབུ་རྫོགས་ཕྱག་ཆེན་ཞི་བྱེད་གཅོད། །    གང་ལའང་ཡོད་པས་དག་སྣང་གིས། །    རང་ཉིད་གང་མོས་ཉམས་སུ་ལོངས། །

    ཆོས་ལ་དཀར་ནག་མེད་པ་ལ། །    གྲུབ་མཐའི་ཁ་འཛིན་ཆོས་ལ་སྨོད། །    ཐར་བའི་འཇུ་ཐག་ཆད་པ་ཡིན། །    གྲུབ་དབང་མི་ལ་རས་པས་གསུངས། །

    ཆོས་དང་སྐྱེས་བུ་དམ་པ་ལ། །    བརྟེན་པའི་སྡིག་པ་མི་བཟད་པས། །    ཕྱོགས་འཛིན་སྡང་ཤུགས་དོར་ནས་ཀྱང་། །    དག་སྣང་ནོར་བུའི་འོད་ཟེར་གྱིས། །    ཀུན་ལ་ཁྱབ་པར་མཛོད་ཅིག་ཅེས། །

པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གསུངས། །

    དེ་བཞིན་མཛོད་ཅེས་ཐམས་ཅད་ལ། །    ཚོགས་དྲུག་རང་གྲོལ་གསོལ་བ་འདེབས། །    བླ་མ་གོང་མ་ཐམས་ཅད་ལ། །    གསོལ་བ་བཏབ་ནས་གླུ་འདི་བླངས། །    དམ་པ་གོང་མའི་བྱིན་རླབས་ཀྱིས། །    ཚོགས་ལ་ཕྱོགས་རིས་མེད་པར་ཤོག ། ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །