༅། །དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་བཀོད་པ་འོག་མིན་གཉིས་པའི་དགའ་ཚལ་ཞེས་བྱ་བ།གོང་གི་འཕྲོས།

ཕ་རྒྱུད་གསེར་རིའི་ཕྲེང་བ་ལྷུན་ཆགས་ཤིང་། །མ་རྒྱུད་ཆུ་ཀླུང་བདུད་རྩིའི་གཞུང་མ་ཆད། །བུ་རྒྱུད་ཆོས་རིག་ནོར་བུའི་དཔལ་འབར་བས། །གསང་གསུམ་དགའ་བདེ་ཆོས་གླིང་ཞེས་སུ་གྲགས། །ཆུང་ནས་ཤེས་རིག་སྒྱུ་རྩལ་ལེགས་སྦྱང་བས། །ཆེ་ནས་འཁོར་འདས་བླང་དོར་ལེགས་མཁྱེན་པའི། །དབུ་སྐྲ་གསེར་མདོག་རྒྱན་པའི་མཆེད་ལྕམ་རིགས། །དགའ་བའི་འཛུམ་དང་གཅེས་པའི་གྲོགས་སུ་འགྲོགས། །འཁོར་བ་ཞེན་པ་ལོག་པའི་བྱ་བཏང་དང་། །མྱང་འདས་བཙན་ས་ཟིན་པའི་རྒྱལ་བའི་སྲས། །རང་བཞིན་གནས་ལུགས་རྟོགས་པའི་རྣལ་འབྱོར་རིགས། །རང་རིག་བླ་མའི་དེ་ཉིད་བསྒོམ་ལ་བྲེལ། །རྩ་བརྒྱུད་བླ་མའི་བྱིན་རླབས་སྤྲིན་བཞིན་འཁྲིགས། །ཡི་དམ་ལྷ་ཡི་དངོས་གྲུབ་ཆར་བཞིན་འཇོ། །མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོག །གསང་གསུམ་ཀུན་བཟང་ཆོས་གླིང་ཨེ་མ་ཧོ། །བློ་ལྡོག་རྣམ་བཞི་སྒོམ་པའི་སྐལ་བཟང་དང་། །བདེན་བཞིའི་བླང་དོར་ནུས་པའི་ཉན་རང་དང་། །ཚད་མེད་རྣམ་བཞི་སྤྱོད་པའི་སེམས་དཔའ་ཆེ། །རིག་འཛིན་རྣམ་བཞི་བགྲོད་པའི་རྣལ་འབྱོར་མང་། །དོན་གཉེར་དམ་པའི་ཆོས་ལམ་སྒྲུབ་པ་ནི། །མེ་ཏོག་སྦྲང་རྩིར་སྦྲང་མ་བཞིན་དུ་འཁོར། །ཐོས་བསམ་སྒོམ་པས་མི་ངོམས་བརྩོན་འགྲུས་ཅན། །ཉིན་མཚན་ཀུན་ཏུ་ལུང་རྟོགས་ཆོས་ལ་བྲེལ། །སྣོད་བཅུད་འཁོར་ཡུག་ལེགས་པའི་ཞིང་ཁམས་ཆེ། །བདེ་འཇམ་ཞི་དུལ་འཕགས་པའི་གདན་ས་ཆེ། །ཀུན་བཟང་ཆོས་བརྒྱུད་འཛིན་པའི་སེམས་དཔའ་ཆེ། །ཆེ་ཆོས་ཀུན་འཛོམས་ཝྰ་ཡེལ་རི་ཁྲོད་ལགས། །འདུ་འཛི་གཡོ་སྒྱུའི་ཚོང་ལས་རྒྱུ་འགྲིམ་དབེན། །ཆགས་སྡང་རྨོངས་པའི་ཆོས་བརྒྱད་ཇག་རྐུན་དབེན། །ནད་མུག་དམག་འཁྲུག་འབྱུང་བཞིའི་དགྲ་བགེགས་དབེན། །གསང་ཆེན་དམ་པའི་ཕ་ཁྱིམ་ཨེ་མ་ཧོ། །ཀུན་བཟང་དགའ་ཚལ་བཞེད་པའི་དོ་ར་རུ། །སྦྲང་བུའི་གཤོག་དབྱངས་མཁའ་འགྲོའི་བརྡ་གླུ་འགྲན། །ཕྱེ་ལེབ་འཕུར་ལྡིང་ལྷ་ཀླུའི་སྤྲུལ་པར་འཕྲུལ། །ལྗོན་དྲི་བསིལ་བས་ཞི་བདེའི་ཏིང་འཛིན་འདྲེན། །བྱ་བྱིའུའི་སྐད་སྒྲས་ཨ་དོན་སྐྱེ་མེད་སྟོན། །རྩྭ་ཤིང་ལྡེམ་ཕྱོགས་སྐུ་མགྲོན་བསུ་བར་བཞིན། །དགའ་དད་གུས་པའི་དག་སྣང་རྒྱན་དུ་འཛོམས། །གཡུ་ལྗོན་མཛེས་པའི་ཁྲོད་ན་སྒོམ་ཁང་མངོན། །དྲིལ་ཆུང་སྒྲ་དབྱངས་སིང་སིང་སྙན་པར་སྒྲོག །དཀར་དམར་མེ་ཏོག་འཛུམ་པའི་བཞིན་རིས་ངོམ། །ནགས་ཀློང་ངོ་མཚར་རྨད་བྱུང་འབུམ་གྱིས་གཏམས། །ཞི་གནས་ཀུན་ཏུ་བཟང་པོའི་བདེ་ཆེན་སྟེར། །ནངས་མོར་བསེར་བུས་བསྐུལ་བར་ཁམས་སངས་ཚེ། །རླུང་སྒྱུ་འཕྲུལ་དགྱེས་པའི་དགའ་བདེའི་ཐབས། །ཟོ་བཟང་སྟོབས་ཤུགས་འཕེལ་བའི་ཤེས་རབ་རྩལ། །ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ། །ཉིན་ཚོད་བཅོ་བརྒྱད་མཚན་མོ་དུས་དྲུག་ལས། །ཉི་འོད་མི་ཉམས་སྣང་མཛོད་དགའ་བའི་གཏེར། །མི་ཟད་རིག་དཔལ་ཆོས་ལམ་མཇལ་ནུས་པའི། །གོ་ལའི་ཡངས་སྟེང་ཀུན་བཟང་དག་པའི་ཞིང་། །ཤ་ཁྲག་མཆོད་པར་མི་གྲལ་མི་འཇོག་ཅིང་། །ཆོས་མིན་སྤྱོད་པ་ཚོགས་གྲལ་མི་ཚུད་པར། །ཀ་དག་སྡོམ་གཙང་རིག་འཛིན་འདུས་པའི་སྡེ། །གངས་ལྗོངས་གཉིས་པའི་བསྟི་གནས་ཕུལ་དུ་བྱུང་། །རྩེ་མོ་དཀར་གསལ་གངས་རིའི་ཕྲེང་བས་མཛེས། །མཐོ་ཁྱད་མཉམ་ཞིང་ཕྱོགས་ཀུན་འཁོར་ལོའི་དབྱིབས། །དུང་དཀར་རིན་ཆེན་ར་བས་ཀུན་ནས་བསྐོར། །རི་གྲོང་ཡིད་འོང་ཡངས་ཞིང་དགོན་པའི་གནས། །གངས་དཀར་རི་བོའི་སྐེད་པར་འཇའ་རིས་སྤྲིན། །ལྷ་བཟོ་མཁས་པས་ཕྱག་བྲིས་བགྱིས་དང་མཚུངས། །དུས་བཞི་ཁྱད་མེད་སྔོ་ལྗང་གཡུ་ལོས་བརྒྱན། །ཞི་བདེའི་རྒྱ་མཚོ་ཆེན་པོས་མཐའ་ནས་བསྐོར། །རྒྱང་རིང་རྒྱ་མཚོའི་རླབས་ཕྲེང་མཁའ་ལ་འཕྱོ། །མཚམས་མཚམས་ན་བུན་སྦྲང་ཆར་སིལ་མ་ཡིས། །ཚ་བའི་ངད་སེལ་ལྗོན་ཚོགས་བཀྲ་མདངས་བཞད། །ནོར་འཛིན་གཡུ་ཐང་འཇའ་གུར་དྲ་བས་བསྐོར། །གནས་འདིར་གཏེར་རིགས་རིན་ཆེན་ས་རྡོ་རིགས། །རྒྱལ་ཁབ་གཞན་གྱིས་འགྲམ་ཆུ་འཆོར་བ་ཡོད། །ཝ་ཡེལ་རྒྱལ་མོའི་དཀོར་གཉེར་སྲུང་སྐྱོབ་པས། །ཉིན་མཚན་ཀུན་ཏུ་འཁོར་ཡུག་སྲུང་ཞིང་བདག །རི་ཀློང་གཙང་མ་ཕྱི་དོར་བཟང་བགྱིས་པས། །ལྟ་བས་མི་ངོམས་མཛེས་ལྗོངས་འོད་སྣང་འཛུམ། །བསམ་པ་བདེ་གསལ་མི་རྟོག་ངང་གིས་བལྟམས། །ཆོས་བཞིན་སྤྱོད་པའི་ཞིང་ཁམས་ཁྱད་དུ་འཕགས། །ཐོས་པས་མི་ཚིམས་ཆུ་ཕྲན་ཏིང་ཤང་སྒྲ། །ཉན་པས་སྤྲོ་དགའ་བརྟས་པའི་རང་བྱུང་གྲགས། །དེ་བཞིན་ཁུ་བྱུག་བྱ་བྱིའུའི་སྙན་དག །ཅི་དགར་འཇོ་བའི་མཆོད་པའི་སྒྲ་སྙན་སྒྲོག །མཛེས་ལྡན་མེ་ཏོག་ཚང་ཚིང་འཛུམ་པའི་ཀློང་། །ན་ཆུང་དགའ་བའི་རོལ་རྩེད་རྒྱུགས་འཆོང་དང་། །རྒན་གཞོན་དར་མས་བག་ཡངས་ངལ་གསོ་བཅས། །ལྗོངས་རྒྱུ་རིག་པའི་གྲོང་ཁྱེར་ངོ་མཚར་རྨད

སྔོ་སངས་དྭངས་མའི་རྒྱ་མཐོང་ཕྱེས་པའི་མཚམས། །རྟ་བདུན་དབང་པོ་དལ་འགྲོས་ཆུ་འཛིན་ལས། །བྱིན་རླབས་འོད་དཀར་དར་ཐག་གནང་བ་བཞིན། །སྙིང་མཚོར་ཟུག་པའི་རྟེན་འབྲེལ་བརྡ་དོན་འཆར། །གྲུབ་བརྒྱའི་གཙུག་རྒྱན་པདྨ་འབྱུང་གནས་ལ། །དད་གུས་མཆི་མ་མུ་ཏིག་ཕྲེང་བཞིན་བགྲང་། །མི་ཕྱེད་འདུན་པའི་གསང་ཆེན་རྣལ་འབྱོར་དག ། ཐོར་ཚུགས་གཡོ་ཞིང་གང་གི་ཞབས་སུ་བཏུད། །ངོ་མཚར་རྨད་བྱུང་གཙུག་ལག་ཁང་ཆེན་ནི། །རང་བྱུང་སྒྱུ་འཕྲུལ་དཀྱིལ་འཁོར་རྒྱ་ཆེ་ཞིང་། །དབུས་དང་ཕྱོགས་བཞི་ཡངས་པའི་རང་བཞིན་ཅན། །ཀུན་ནས་ཟླུམ་པ་བུམ་པའི་གཞལ་ཡས་ཁང་། །རྡོ་རྗེ་འཁོར་ལོ་པདྨ་རྒྱ་གྲམ་དང་། །རལ་གྲི་བཀྲ་ཤིས་རྫས་རྟགས་སྣ་ཚོགས་རིགས། །རབ་མཛེས་བསམ་ཡས་ལྷ་ཡིས་དཀྱིལ་འཁོར་བཞིན། །རྟེན་དང་བརྟེན་པའི་རང་བཞིན་ཨ་ཧོ་རྨད། །མི་ཡུལ་དག་གཙང་ལྷ་ཡུལ་འཕོས་པ་བཞིན། །བརྗིད་ཉམས་ཡིད་འོང་དགའ་སྤྲོ་ཁེངས་པའི་གནས། །ཕྱི་ནང་གསང་བའི་བདེ་སྐྱིད་ཀུན་འཛོམས་པའི། །ཀུན་བཟང་ཆོས་ཀྱི་དགའ་ཚལ་ཨེ་མ་ཧོ། །གཡུ་ལྗོངས་སྣུམ་པའི་ནོར་འཛིན་ཆེན་པོ་རུ། །ཕྱོགས་རྣམས་མདངས་གསལ་དཔལ་གྱིས་རབ་ཏུ་མཛེས། །ཡུལ་གྲོང་གླིང་བཞི་གླིང་ཕྲན་མཐའ་ནས་བསྐོར། །རི་རྒྱལ་ལྷུན་པོར་གསེར་རིས་བསྐོར་བ་བཞིན། །དབུས་སུ་ཀུན་བཟང་རྒྱལ་བའི་སྒྱུ་འཕྲུལ་གླིང་། །ཤར་དུ་སྒྲིབ་བྲལ་རྡོར་སེམས་ཐར་པ་གླིང་། །ལྷོ་རུ་གང་འདོད་དཔལ་ཡོན་ཀུན་དགའ་གླིང་། །ནུབ་ཏུ་གར་དབང་བདེ་ཆེན་ཡེ་ཤེས་གླིང་། །བྱང་དུ་ཕྱོགས་ལས་རྣམ་རྒྱལ་ལྷུན་གྲུབ་གླིང་། །དེ་བཞིན་ཌྰཀྐིའི་ཡེ་ཤེས་མཚོ་རྒྱལ་གླིང་། །སངས་རྒྱས་ཡེ་ཤེས་སྒྲ་སྒྱུར་ལོ་ཙྰ་གླིང་། །མདོ་སྔགས་ཕྱིན་དྲུག་ཨེ་ཝྃ་ཆོས་སྨན་གླིང་། །གླིང་རྣམས་གཙང་ཞིང་འཁོར་ཡུག་དྲི་བཟང་ཁྱབ། །དངས་པའི་ཆུ་ཀླུང་དག་ཀྱང་རྒྱ་མཚོར་འབབ། །བཀྲག་མདངས་རབ་འབར་ཀུན་བཟང་ཆོས་ཀྱི་གནས། །ཉི་ཟླའི་འོད་སྣང་མི་འབྲལ་འགྲོག་ཡུན་རིང་། །ཆོས་དཔལ་རིག་གཞུང་མི་ཉམས་དར་རྒྱས་ཤིང་། །ཟས་གོས་ལོངས་སྤྱོད་མི་ངལ་འཚོ་རྟེན་བཟང་། །ཆོས་སྲིད་རིན་ཆེན་འབྱུང་བའི་བསྟི་གནས་སོ། །ཅི་འདོད་ཚོང་ཟོང་དག་ཀྱང་གྲངས་མང་བས། །ཡུལ་རྣམས་དར་ཞིང་མི་རྣམས་བདེ་སྐྱིད་འཕེལ། །དྲན་བདེན་བྱམས་བརྩེ་ཞི་བདེའི་གྲོང་ཁྱེར་ཞེས། །ཕན་བདེའི་རིན་ཆེན་ཕྱོགས་བཞི་ཀུན་ཏུ་གྲགས། །གསེར་ཀླུང་ཆུ་བོ་ཤར་ནས་ནུབ་ཏུ་འབབ། །ཕུ་ན་སྦས་ཡུལ་བཙན་སྒོ་དམར་པོ་ཡོད། །ར་ན་སྤང་ཐང་མེ་ལོང་བཤམས་འདྲ་དང་། །མདའ་ན་གཡང་དཀར་གླང་གི་ཕྱུགས་རས་རྒྱན། །སྨན་ཤིང་མེ་ཏོག་འབྲས་བུའི་སྣ་ཚོགས་མོད། །ས་ཆུ་མེ་རླུང་འབྱུང་བཞིའི་གནོད་པ་ཉུང་། །ཡུལ་ཁམས་ཡངས་ཤིང་ལོ་ཐོག་སྣ་དགུ་འཁྲུངས། །ཀུན་བཟང་མཆོད་རྟེན་ཕྱོགས་མཚམས་གཞི་བདག་རིགས། །ཡུལ་ལྷའི་མཆོག་ཀྱང་གཞན་ལས་འཕགས་པ་ལགས། །ཝྰ་ཡེལ་གླང་ཆེན་འགྱིང་རིའི་ལུང་པ་ནི། །ཨེ་ཝྃ་ཕྱག་རྒྱའི་དབྱིབས་ལྟར་ཟླུམ་ཞིང་མཛེས། །གྲོང་རྣམས་དར་ཞིང་ཡུལ་འཁོར་ཤིན་ཏུ་མང་། །སང་གྷ་རཀྵ་ཏ་ཡི་སྒྲུབ་གྲྭ་ཡོད། །ཕུ་ལ་ཨེ་ཝྃ་ཕྱག་ཆེན་དངོས་གྲུབ་གནས། །ར་མཚམས་དགོན་པའི་གནས་ཀྱིས་ར་བ་བསྐོར། །མདའ་ན་བྲག་རྫོང་འཇིགས་སུ་རུང་བ་དང་། །ཆུ་བྲག་འཐབ་པའི་སྒྲ་ཆེན་གནམ་ས་འགེངས། །བསིལ་དྲོད་མཉམ་པའི་ཝ་ཡེལ་རྒྱལ་ཁབ་འདིར། །རྩྭ་སྨན་བཅུད་ཆེ་རྐང་འགྲོས་གཞན་ལས་འཕེལ། །ཤིང་རྣམས་འབྲས་བཟང་ནགས་ཚལ་ཕུན་སུམ་ཚོགས། །ནད་རིགས་ཉུང་ཞིང་ཡུལ་རྣམས་ཉམས་དགས་འཚོ། །འགལ་རྐྱེན་མི་མཐུན་རྐྱེན་ངན་བྱུང་བའི་ཚེ། །དགུ་དགུ་དགུ་ལ་ཨང་རྟགས་གཏོང་བ་ན། །སྨན་པའི་རླངས་འཁོར་ཀི་སྒྲ་སྒྲོགས་བཞིན་དུ། །སྐད་ཅིག་མི་འགྱིང་དེ་མ་ཐག་ཏུ་སླེབས། །སྨན་དང་ནད་གཡོག་བྲེལ་བའི་བྱམས་བརྩེ་ཅན། །རང་ལས་གཞན་གཅེས་གནང་བའི་ཉེན་སྐྱོབ་པས། །ལུས་སྲོག་ཕོངས་མེད་སྲུང་བའི་ར་མདའ་མཛད། །འཆི་བདག་དུས་བབས་མ་གཏོགས་འཇིགས་ལས་སྐྱོབ། །དབྱིན་ཡུལ་ཝ་ཡེལ་འཐབ་སའི་རྒྱལ་ཁང་དང་། །རྒྱལ་རྗེ་གདུང་རབས་ཆད་པའི་ལོ་རྒྱུས་དག །རྒྱ་བོད་འདས་ད་མ་འོངས་འདི་བཞིན་ན། །བོད་ལ་སྐྱིད་པའི་ཉི་མ་འཆར་བར་ངེས། །རྒྱལ་དར་ཁྱུང་འབྲུག་དམར་པོའི་བ་དན་ཆེ། །ཕྱོགས་མཚམས་ཀུན་ཏུ་གཡོ་བ་མཐོང་བའི་ཚེ། །མི་མཐུན་གཡུལ་རྒྱལ་མཐུན་རྐྱེན་ལེགས་འགྲུབ་པའི། །རྟེན་འབྲེལ་ཞི་རྒྱས་དབང་དྲག་ཕྲིན་ལས་དར། །ཕུལ་བྱུང་གསེར་ཀླུང་ཤར་གྱི་ཕྱོགས་སུ་བབས། །ཀུན་བཟང་ཆོས་གླིང་དད་བརྒྱས་ཕྱག་བསྐོར་དང་། །ལྷུང་ལྷུང་ཆུ་སྒྲ་སྙན་པའི་གླུ་དབྱངས་བཅས། །ཞི་བདེ་རྒྱ་མཚོ་ཆེན་པོའི་ཀློང་དུ་འདྲེས། །རྨད་བྱུང་གངས་རིའི་མགུལ་ནས་འོངས་པའི་ཆུ། །ཆིལ་ཆིལ་རླབས་ཀྱིས་གཉེར་བའི་རྒྱུན་བཟང་ལ། །ཡང་ཡང་དགའ་བའི་ཉ་སྲིན་ཀླུ་རིགས་ཚོགས། །མ་ལུས་དུང་བའི་བསུ་མགྲོན་སླེབས་དང་མཚུངས། །དེ་ན་གཉུག་མར་གནས་པའི་ཞིང་འབྲོག་རིགས། །རང་དབང་ཅི་དགའ་གཅེར་བུ་རོལ་རྩེད་དང་། །འོ་འཁྱུད་གང་དགར་སྤྱོད་པའི་རྒྱང་རྒྱུ་རྣམས། །ཉིན་པར་རྒྱ་མཚོའི་ཚ་གྲང་དཔལ་ལ་རོལ། །མཆོད་པའི་ཡོན་ཆབ་ཕུལ་ལྟར་མཚེའུ་དང་། །དྭངས་བསིལ་ཆུ་ཕྲན་གཙང་མའི་ཁྲུས་ཁང་དུ། །ཝུ་འཕྲེང་འཛིན་པ་རིན་ཆེན་བཻཌཱུར་འམ། །ཨནྡ་རྙིལ་དང་སྟོན་ཀའི་མཁའ་བཞིན་མཛེས། །གངས་དང་སྨན་དྲིའི་ཞིམ་པའི་སྐྱེད་ཚལ་དུ། །སྨན་ཤིང་མེ་ཏོག་ཅན་ནས་ལེགས་འབབ་པའི། །འཐུང་དང་ཁྲུས་བྱས་ཡོན་ཏན་དཔག་མེད་པ། །ཆུ་ངོགས་གཞན་ལས་མཆོག་ཏུ་འཕགས་པ་བཤད། །ནུབ་ཕྱོགས་སི་ཀིའི་ལན་ཞེས་ཡུལ་ཁམས་ནི། །ཡིད་འོང་མདའ་གཞུའི་དབྱིབས་ལྟར་མཛེས་པ་ལ། །གྲོང་རྣམས་བདེ་ཞིང་ཕྱོགས་ཀྱི་སྐྱེ་བོ་འདུ། །ཆུ་བོའི་རྒྱུན་ཡང་ནུབ་ནས་ཤར་ལྷོར་འབབ། །ཕུ་ན་རྫ་དང་ནགས་རིའི་ཚོགས་མང་ཞིང་། །བར་དུ་འབྲུ་མང་སྨན་ཤིང་ལོ་འབྲས་འཕེལ། །མདའ་ན་འབྲུ་ཞིང་བ་གླང་རྟ་ལུག་སོགས། །ཞིང་འབྲོག་སི་ཀིན་རིགས་རྣམས་དཔའ་མཛངས་ལྡན། །འབྲུ་སྣ་ཕུན་ཚོགས་ཇ་ཤིང་བཟང་སྣ་ཚོགས་སྐྱེ། །ཆང་རིགས་བཟོ་འཕྲུལ་འབྱུང་བའི་བསྟི་གནས་ཞིག །ལོ་ཟླ་ཞག་ཆང་རིན་ཐང་ཅི་དགོས་དག །དབུལ་ཕྱུག་དགོས་མཁོ་དང་བསྟུན་ཡོད་པར་གྲགས། །ཚོང་ཟོང་གྲངས་མང་དར་དང་རས་བལ་དང་། །ཤིང་དང་ས་ལས་འཁྲུངས་པའི་བཟའ་བཅའ་རིགས། །རོ་མཆོག་བརྒྱད་ལྡན་དཀར་དམར་ལྡན་པ་དང་། །བུ་རམ་ཤིང་དང་ཞལ་ཟས་རྣམ་པ་མང་།

བྱང་ཕྱོགས་ཡོ་གླིང་རྒྱལ་ཁག་བཅུ་གསུམ་ནི། །དཔག་བསམ་ལྗོན་ཤིང་ཡལ་འདབ་རྒྱས་པ་ལྟར། །ཡུལ་ཁམས་དར་རྒྱས་ས་ཕྱོགས་གཟི་བརྗིད་ཆེ། །དྭངས་པའི་ཆུ་བོ་བྱང་ནས་ལྷོ་ཕྱོགས་འབབ། །

སྟོད་ན་གསེར་ལྡན་ནོའུ་ཝེ་ཨེས་གཏེར་ཡ། །གངས་རིའི་ཕྲེང་བ་དར་དཀར་ཡོལ་བཞིན་གཏམས། །མཛེས་པའི་རང་བྱུང་གངས་ཅན་ལྗོངས་ལས་ལྷག ། ཡར་རྒྱས་འཁོར་ཡུག་ལྷ་ཡི་དཀྱིལ་ཐང་བཞིན། །བར་ན་གྷར་མན་སི་ལོ་ཝ་ཀི་ཡ། །རི་བྲག་ནགས་ཚལ་ཐང་ཆེན་ཡུལ་གྲོང་སོགས། །བཟོ་རྒྱལ་མཁས་པས་བཟོས་བཀོད་བཤམས་པ་འདྲ། །རི་མཐོ་ཐང་ཡངས་ཆུ་བོ་ཤར་དུ་བབས། །འོག་ཏུ་གྷུ་རིས་སི་པེ་དུར་ཀེ་སོགས། །ཞི་བདེའི་རོལ་རྩེད་མཁས་པ་གྲགས་པའི་ལྗོངས། །ཡུལ་མི་མཆོག་ཏུ་རིགས་བཟང་དགའ་འོས་པའི། །ཚ་བའི་རྩི་ཤིང་རྒྱས་པའི་རི་གྲོང་ལེགས། །ཆོས་རྒྱུད་ཡེ་ཤུའི་ལྷ་ཁང་གྲངས་མང་བ། །མཚམས་རེར་དངུལ་དང་གཞུང་གི་ལས་ཁང་བྱས། །ཆོས་རིག་འཛིན་སྐྱོང་སྤེལ་བའི་བཞིན་བཟང་དག །མཐོང་ན་དགའ་བའི་འཛུམ་དང་དྭངས་པ་འདྲེན། །ཁྱི་དང་བྱི་ལ་སྲོག་ཆགས་བྱམས་སྐྱོང་དང་། །རི་རྒྱ་རྔོན་ཁྲིམས་དགྲ་ཇག་ཆོམ་པོ་མེད། །སྤྲང་པོ་རྐུན་མའི་གནོད་འཚེ་ཤིན་ཏུ་ཆུང་། །རྒྱུད་འཇམ་འགྲོག་ན་བདེ་བའི་མཁས་པ་མང་། །འཚེ་མེད་ཞི་བདེའི་ལུང་བ་ངོ་མཚར་གནས། །ལྷ་མིའི་ཆོས་ལ་གུས་བཀུར་མཆོད་པའི་གྲོང་། །ཚེ་འདིར་སྡེ་བཞིའི་ཕུན་ཚོགས་དཔལ་འབར་བའི། །ཡོ་གླིང་སྲིད་པའི་གྲོང་ཁྱེར་བླ་མ་མེད། །སྙིང་རྗེར་རྨོངས་པར་གནོད་འཚེའི་སྡུག་བསྔལ་དབེན། །དབུལ་ཆེའི་སྤྲང་པོར་ལྟོགས་སྐོམ་སྡུག་བསྔལ་དབེན། །དབང་མེད་བཙོན་རར་གནར་གཅོད་སྡུག་བསྔལ་དབེན། །དབེན་པ་གསུམ་ལྡན་ཞི་བདེའི་ཞིང་ཁམས་ལགས། །ཉེ་འཁོར་དབྱིན་ཇིའི་རྒྱལ་མོའི་ཡུལ་གླིང་ཆེ། །གསེར་དངུལ་རྡོ་རྗེ་ཕ་ལམ་ལས་གྲུབ་པའི། །ཕྱི་ནང་བཀོད་པའི་འོད་ཟེར་སྟོང་འཕྲོ་ཞིང་། །མིག་འཕྲུལ་སྒྱུ་མའི་བལྟད་མོ་མཚར་དུ་དངར། །དབྱར་དུས་ཞི་བའི་སྤྲིན་ཚོགས་ཟློས་གར་འཇོ། །ཆར་བཟང་དུས་སུ་བབས་པའི་ལོངས་སྤྱོད་དང་། །འབྲུ་དྲུག་ལེགས་སུ་སྨིན་པའི་འབྲས་བུ་ལས། །དགའ་བའི་གློག་ཕྲེང་སྙན་པའི་འབྲུག་སྒྲ་སྒྲོགས། །སྟོན་དུས་མདངས་བཟང་མཛེས་པའི་རི་ངོགས་སུ། །སྨན་ཤིང་མེ་ཏོག་འབྲས་བུའི་ཚོགས་སྨིན་པས། །ལྷ་ཡི་སྐྱེད་ཚལ་མི་ཡུལ་འཕོས་པ་བཞིན། །ཀུན་ནས་མཛེས་པའི་རང་བཞིན་འདི་ལ་གཟིགས། །དགུན་དུས་ལྷུན་པོ་གངས་རིའི་ན་གཟའ་ཅན། །ཁ་བའི་གོས་དཀར་བཟང་པོས་གཡོགས་པ་ནི། །ཤེལ་དཀར་འོད་ཀྱི་རི་བོས་མཛེས་པའམ། །ཀུ་མུད་ཚལ་དུ་སྟོན་ཟླ་ཤར་དང་མཚུངས། །མཚམས་རེ་རི་ལུང་དུང་གི་ཅོད་པན་ནམ། །པདྨ་དཀར་པོའི་ཐོད་ཕྲེང་རྒྱན་པ་བཞིན། །ས་གཞི་རི་ཀླུང་དངུལ་གྱི་སྐེད་རགས་ཅན། །རབ་དཀར་ངང་ཚོགས་ལྷོ་རུ་བསྐྱོད་དང་མཚུངས། །དཔྱིད་དུས་རྩི་ཤིང་ས་དྲོད་རྒྱས་པའི་ཚེ། །ལྷུན་སྟུགས་ནགས་ཚལ་མེ་ཏོག་དྲ་བས་གཡོགས། །རྩི་སྨན་མེ་ཏོག་སྡོང་པོ་ཁ་འབུས་ཤིང་། །དྲི་ཞིམ་སྤོས་ངད་ལྡན་པས་ཕྱོགས་ཀུན་ཁྱབ། །ལྷན་སྐྱེས་ནོར་འཛིན་རིན་ཆེན་ལྷུན་པོ་ལ། །རིག་འཕྲུལ་རྩལ་གྱིས་བདག་སྐྱོང་ལེགས་གནང་བས། །ས་ཆུ་རི་ཀླུང་རྩ་ཐང་བཀྲག་མདངས་འབར། །དུག་རྡུལ་དང་བྲལ་མཁའ་རླུང་གཙང་མ་རྒྱུ། །ནགས་ཚལ་སྨན་ཤིང་མེ་ཏོག་ཆུ་གཙང་དང་། །ནེ་གསིང་སྨན་ལྗོངས་དུ་མས་རབ་བརྒྱན་ཞིང་། །གྲོང་དགོན་ས་གཞི་དག་ཀྱང་རབ་ཏུ་མཛེས། །གནམ་ས་བར་དུ་ཉི་འོད་རྒྱུན་རིང་གནས། །ཁྱད་པར་ཀུན་བཟང་ཆོས་ཀྱི་དགའ་ཚལ་འདིར། །དབྱར་དགུན་སྟོན་དཔྱིད་ཚ་གྲང་ཕལ་ཆེར་མཉམ། །འགལ་རྐྱེན་དབེན་ཞིང་མཐུན་རྐྱེན་སྒྲུབ་སླ་བས། །ཏིང་འཛིན་ཤེས་རབ་ངང་གིས་འཕེལ་བར་འགྱུར། །རིག་འཛིན་ཆེན་པོ་དྲག་སྔགས་གླིང་པས་ཀྱང་། །ནུབ་ཕྱོགས་ཀུན་བཟང་ཆོས་ཀྱི་དབེན་རིར་བསྟེན། །གྲོལ་བ་བྱེ་མའི་གྲངས་དང་མཉམ་པ་དང་། །རིག་འཛིན་འདུས་སྡེས་ནོར་འཛིན་འགེངས་འགྱུར་གསུངས། །ཏིང་འཛིན་ངང་གིས་དམ་ཆོས་གོང་འཕེལ་ཞིང་། །དམ་གཙང་རིག་པ་འཛིན་པའི་གྲོང་ཁྱེར་འདི། །མཆེད་ལྕམ་ཡིད་དགའ་དག་པའི་ཞིང་ཁམས་བཞིན། །ཐོས་བསམ་སྒོམ་པའི་བཤད་སྒྲུབ་ཕྲིན་ལས་དར། །བླ་མས་ལུང་བསྟན་ཟབ་གཏེར་བྱིན་རླབས་འབྱོར། །ཡི་དམ་ཞལ་གཟིགས་སྒྲུབ་པའི་རྟགས་མཚན་མཐོང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་འདུ་ལས། །བར་ཆད་ཀུན་སེལ་དངོས་གྲུབ་ཐོབ་པའི་གནས། །ཕྱོགས་མཚམས་རིན་ཆེན་གཏེར་གྱི་བུམ་བཟང་སྦས། །རྒྱལ་བསྟན་བཤད་སྒྲུབ་འཛིན་སྐྱོང་སྤེལ་བའི་ཕྱིར། །སྨོན་ལམ་གསོལ་འདེབས་ཚུལ་བཞིན་བགྱིས་པའི་མཐུས། །བཀའ་གཏེར་གདམས་པའི་བསྟན་པ་རྒྱས་གྱུར་ཅིག

དེང་སང་དུས་ངན་སྐྱེ་བོ་མི་བསྲུན་པས། །ཆོས་བརྒྱད་ཆགས་སྡང་རྨོངས་པའི་བསྟན་པ་ཡིས། །རྒྱལ་བསྟན་རིན་ཆེན་ནང་ནས་དཀྲུགས་པའི་ཚེ། །བྱང་ཆུབ་འདོད་རྣམས་སྒྲུབ་པའི་གནས་འདིར་ཕེབས། །དཀོན་མཆོག་དད་ལྡན་ཐར་པ་འདོད་རྣམས་ཀྱིས། །རང་ཡུལ་ཞེན་ཆགས་རབ་སྤངས་འདིར་བྱོན་ནས། །ཚེ་གང་ཟབ་མོའི་དེ་ཉིད་བསྒྲུབ་པའི་ཕྱིར། །ཆོས་བཞིན་མཛད་རྣམས་ས་སྤྱོད་ཞིང་འདིར་ཤོག ། ཉན་རང་དགྲ་བཅོམ་འདོད་པའི་ཐར་པ་དང་། །བྱང་ཆུབ་སེམས་མཆོག་ལྡན་པའི་སེམས་ཆེ། །གསང་ཆེན་དེ་ཉིད་མཐོང་བའི་རིག་འཛིན་དག ། ཐུགས་དམ་མ་གཡེལ་ཀུན་བཟང་ཞིང་འདིར་བྱོན། །གྲངས་མེད་བསྐལ་བ་གོམས་པའི་བསོད་ནམས་དང་། །དཔག་མེད་བསྐལ་བ་རྒྱ་མཚོའི་ཡེ་ཤེས་ཚོགས། །མཚུངས་མེད་རྟེན་འབྲེལ་བཟང་པོའི་བདེན་སྨོན་མཐུས། །འཚེ་མེད་ཀུན་བཟང་ཞིང་དུ་མྱུར་ཕེབས་ཤིག ། སྐལ་བཟང་དད་ལྡན་ཐར་པ་འདོད་པ་ཅན། །འོད་གསལ་མཐའ་ཡས་རྡོ་རྗེས་བསྐུལ་བའི་ངོར། །འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་ཤེས་པའི་ཕྱིར། །དོན་གཉེར་སྙིང་གྲོགས་ཐུགས་ཀྱི་རྒྱན་དུ་འབུལ། །འདིར་སྨྲས་དགེ་བས་བདག་གཞན་འགྲོ་བ་ཀུན། །ཀུན་བཟང་ཆོས་ཀྱི་དགའ་ཚལ་ལེགས་མཐོང་ཞིང་། །རིག་འཛིན་རྣམ་བཞིའི་གོམས་པ་མཐར་ཕྱིན་ནས། །ཀུན་བཟང་རྫོགས་ཆེན་བསྟན་པ་སྤེལ་གྱུར་ཅིག ། ཅེས་པ་རབ་རྒྱན་ཆུ་འབྲུག་ས་ག་ཟླ་བའི་མཁའ་འགྲོ་འདུ་བའི་དུས་ཆེན་དུ་དབྱིན་ཡུལ་ཀུན་བཟང་ཆོས་འཁོར་གླིང་གི་གནས་མཆོག་ཁྱད་པར་ཅན་གྱི་ཉེ་རིང་ཚང་མའི་སྣང་བརྙན་གསལ་བའི་ཞིང་ཁམས་ཀུན་བཟང་ཆོས་གླིང་གི་བཀོད་པ་འོག་མིན་གཉིས་པའི་དགའ་ཚལ་ཞེས་བྱ་བ་འདི་ནི་མདོ་སྔགས་རིག་གནས་ཀུན་ལ་མང་དུ་ཐོས་པའི་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་དུ་གང་ཤར་སུག་ལས་སུ་བགྱིས་པ་དགེའོ། །ཤྲྰིཿསརྦ་ལོ་ཀ་མངྒ་ལཾ་བི་ཛ་ཡནྟུ། །