༄༅། །བརྡ་གླུ་བྱིས་པའི་རྩེད་མོ་ཉམས་འགྱུར་སུམ་ལྡན་ཞེས་བྱ་བ། །

༧ཆོས་རྗེ་ཡིད་བཞིན་ནོར་བུས།

འདོད་འབྱུང་ཙིཏ་ཏ་མ་ཎི། །

བསིལ་ལྗོངས་དཔལ་དུ་རྙེད་འདུག །

སྣ་ཚོགས་པཉྩ་ལི་ཀས། །

བསྙེན་བཀུར་ལེགས་པོ་གྱིས་དང་། །

རེ་འབྲས་དོན་སྨིན་བྱེད་འོང་། །

མཁའ་ལམ་ཉིན་བྱེད་དབང་པོ། །

ཁྲིད་ཀྱང་མྱུར་ཐབས་མི་འདུག །

བཀག་ཀྱང་བཤོལ་ཐབས་མི་འདུག །

ཁོ་རང་ཅི་དགར་ཞོག་དང་། །

ཡུན་རིང་སྡོད་པའི་ལོང་མེད། །

གླིང་བཞི་རིམ་གྱིས་བསྐོར་དགོས། །

ཀུན་ཕན་ཉི་མའི་དཀྱིལ་འཁོར། །

ཤར་རིའི་རྩེ་ནས་ཤར་ཡང་། །

འོད་སྟོང་ནུབ་ཏུ་འཕྲོས་བྱུང་། །

ཤེས་མེད་རི་ཕྲན་ཕལ་ཆེར། །

ང་མཐོ་སྙམ་ནས་མ་འགྱིངས། །

རང་དྲུང་གྲིབ་མས་གཡོགས་ལ། །

རེ་ཞིག་ཁྱེད་ཉིད་དབང་ཡང་། །

ནམ་ཞིག་སྣང་བས་ཁྱབ་ཡོང་། །

སྟག་མོ་མཆོངས་རྩལ་ཆེ་ཡང་། །

སྦལ་བས་དེ་རྗེས་མ་སྙོགས། །

རང་ཚོད་རང་གིས་ཟུངས་དང་། །

རང་མགོ་ལེགས་པར་ཐོན་འདུག །

ཕ་ནོར་གཏེར་གྱི་བུམ་བཟང་། །

སྐབས་ཤིག་གཞན་གྱིས་ཁྱེར་སོང་། །

ད་ནི་སྣ་ཚོགས་ཐབས་ཀྱིས། །

རང་གི་དཔལ་དུ་འགུགས་དགོས། །

གླིང་བཞི་སྐོར་འདོད་ཆེ་ཡང་། །

རྐང་པས་གོམ་སྟབས་འཁྱོལ་དཀའ། །

རྟ་མཆོག་གྲོགས་སུ་ཁུགས་ན། །

གང་འདོད་ས་རུ་ཆས་ཆོག །

རང་ཁྱིམ་མུན་པའི་ཀློང་དུ། །

ཡུན་རིང་གཉིད་ལ་ཡུར་བའི། །

རྩལ་མེད་བྱིས་པ་གཞོན་ནུ། །

བཅུ་གཉིས་བདག་པོའི་འོད་ལ། །

དལ་ཅིག་ཕྱིར་འབྲོས་མ་བྱེད། །

བག་བརྐྱང་ལྷོད་པོར་བཞུགས་དང་། །

སྣ་ཚོགས་ལྟད་མོ་འབུམ་གྱིས། །

མིག་ལ་དགའ་སྟོན་འགྱེད་འོང་། །

ཆེས་མཐོ་ཁ་བའི་རི་ལ༑ ༑

ཡུན་རིང་རྟག་འཛིན་མ་བྱེད། །

དབྱར་ཟླ་འབྲིང་པོ་ཚེས་དུས། །

མེ་འབྲས་ལོ་མས་ཁེབས་འོང་། །

ལྷ་ལམ་ཆུ་འཛིན་བཀོད་པ། །

འཐིབ་དྭངས་རེས་མོས་བྱེད་ལ། །

རེ་དོགས་དགའ་སྡུག་མ་སྐྱེན། །

མཁའ་ལ་འགྱུར་བ་མི་འདུག །

ཀླུ་དབང་ནུས་པའི་སྦྲང་ཆར། །

ང་ཁྱོད་རིས་སུ་མ་གཅོད། །

རང་སྐལ་རང་གིས་སྤྱོད་དང་། །

རང་འདོད་ཡིད་བཞིན་འགྲུབ་འོང་། །

ནོར་བུ་ལག་ཏུ་རྙེད་དུས། །

ནོར་བུས་བྱ་བ་བྱེད་དགོས། །

ནོར་བུ་དགྲ་ལ་ཤོར་ཚེ། །

འགྱོད་ཀྱང་བཅོས་ཐབས་མི་འདུག །

དུས་བཞིའི་རྒྱལ་མོའི་འཕོ་འགྱུར། །

སུས་ཀྱང་ཟློག་ཐབས་དཀའ་སྟེ། །

དབྱར་གཞུང་སྐྱིད་པའི་མེ་ཏོག །

སྟོན་མཇུག་ལྷགས་པས་འཇོམས་འོང་། །

དུག་ཆེན་ཁ་རུ་སོང་ན། །

གློ་བུར་སྲོག་ལ་རྒོལ་ཡོང་། །

འཆི་སོས་བདུད་རྩིའི་འཚོ་བས། །

ཚེ་དཔལ་ལང་ཚོ་བསྐྱེད་འདུག །

བདེ་མོའི་ཐང་ལ་སྡོད་དུས། །

བག་ཡངས་ལྷོད་པོར་བཞུགས་མཛོད། །

ཉམ་ངའི་གཡང་སར་ལྷུང་དུས། །

གཞན་གྱིས་འདྲེན་ཐབས་དཀའ་འོ། །

དགྲ་མང་གཤེད་དུ་ལངས་ཚེ། །

མཐུ་ཆེན་དཔོན་ལ་བརྟེན་དགོས། །

གྲོགས་མེད་རང་ཉིད་གཅིག་པུས། །

རྣམ་མང་གཡུལ་ངོ་བཟློག་དཀའ། །

སྟོན་ཆེན་མགྲོན་ལ་ཕེབས་དུས། །

དྲིན་ཆེན་ཕ་མ་མ་བརྗེད། །

ཁྲེལ་གཞུང་ཅན་གྱི་གྲོགས་པོས། །

ལེ་ལན་ཕྱིས་སུ་བདའ་འོང་། །

སྐྱེ་གཟུགས་སྔོན་གྱི་ལས་དབང་། །

བྱི་དོར་རང་གི་ལག་ཡིན། །

མཛེས་པའི་ལང་ཚོ་ལྡན་ན། །

ན་ཆུང་གྲོགས་སུ་འགུགས་ཆོག །

མཁྲིས་ནད་རྐྱེན་གྱིས་བསླད་ཚེ། །

དུང་ལ་གསེར་ལྟར་སྣང་ཡང་། །

སྨན་མཆོག་ཡུན་དུ་སྟེན་དང་། །

རབ་དཀར་རང་མདོག་ངོམ་ཡོང་། །

དཀར་གསལ་འོ་མའི་རྒྱ་མཚོ། །

སྣ་ཚོགས་འབད་པས་བསྲུབས་ན། །

མར་གྱི་ཉིང་ཁུ་ཐོན་ཡོང་། །

བཟའ་བཏུང་བཅུད་དུ་བྱས་ཆོག །

གཡས་གཡོན་རི་བྲག་དཔངས་མཐོ། །

བར་ན་མཚོ་རླབས་འཕྱུར་འདུག །

བྱ་རྒྱལ་ཁྱུང་ཆེན་མ་གཏོགས། །

གཞན་དག་བགྲོད་པར་དཀའ་འོ། །

ཡུན་རིང་སྟོར་བའི་སྙིང་གྲོགས། །

རང་གི་དྲུང་ན་འདུག་ཀྱང་། །

གཞན་དུ་འབད་པས་བཙལ་བས། །

དོན་མེད་ངལ་བས་གདུངས་སོང་། །

ཕ་མེས་མཛོད་ཀྱི་ནོར་བུ། །

ཅི་དགར་རང་ལག་ཐོན་འདུག །

རྒྱལ་མཚན་རྩེ་རུ་བཀོད་ན། །

འདོད་དགུ་ཆར་དུ་བསྙིལ་ཡོང་། །

མདུན་ན་ལྷགས་པའི་དགྲ་བོ། །

བཙན་ཡང་འབྲོ་ངོ་མི་གསལ། །

ལུས་ལས་སྐྱེས་པའི་བུ་ཆུང་། །

ངན་ཡང་སྐྱུར་ཐབས་མི་འདུག །

ཇོ་ཇོ་གྲོགས་ལ་བཀུག་ནས། །

ངེས་མེད་ཡུལ་དུ་འཁྱམ་འགྲོ། །

དགའ་སྐྱོ་འཕེལ་བའི་ལྟད་མོ། །

མང་པོ་མིག་གིས་མཐོང་ཡོང་། །

དཔྱད་ན་དོན་ཆེན་མ་དཔྱད་བྱིས་པའི་གླུ། །

འགྲེལ་ན་ཟབ་ཆོས་མ་འགྲེལ་བྲེ་མོའི་གཏམ། །

འདི་ཀོ་རི་བོ་རྩེ་ལྔའི་ཡང་དབེན་དུ། །

ངག་དབང་བློས་གྲོས་མཚུངས་མེད་ཡིད་ལས་རྡོལ། །། །