༄༅། །མི་ཁོམ་པའི་རྒྱལ་སྲས་དྲན་པ་རྨི་ལམ་ནང་གི་ནོར་བུ། །

ཨེ་མ་ཧོ།

རྒྱལ་དང་རྒྱལ་བའི་སྲས་ཀྱི་ཕྲིན་ལས་ཀྱི་ཆ་ཤས། །

འབྱོར་རྒུད་ལས་ཀྱི་ཕྲེང་བར་འགོག་མེད་དུ་སྣང་བ། །

མི་ཁོམ་རྒྱལ་བའི་སྲས་པོའི་མཚན་སྙན་གྱི་ཅོད་པན། །

སྐལ་བཟང་ཡིད་དགའི་གྲོགས་ཀྱི་དབུ་མཆོག་ལ་མཛེས་པ། །

ཕྱི་རྫིག་ནང་སྟོང་དགའ་བའི་རྒྱལ་ཁམས་འདི་མཐོང་ཚེ། །

ཉམ་ཆུང་རྒྱལ་སྲས་ཁྱེད་ལ་སེམས་པ་ཞིག་ཤོར་ཐལ། །

སྐུ་འབུམ་བྱམས་པ་གླིང་གི་ཁོར་ཡུག་དག་མཇལ་ཡང་། །

ངེས་དོན་རྒྱལ་སྲས་མ་མཇལ་ད་བར་དུ་ལྷག་འདུག །

དྲུག་ཅུ་ལོ་རྒན་མཐོན་པོ་ཐོད་པ་ལ་གསལ་ཡང་། །

ལྷ་འདྲེ་དཀར་ནག་དགའ་བའི་ཐོ་ཅོ་ཡི་སྤྱོད་པ། །

རྒྱ་བོད་གསར་གྲོགས་དགའ་བའི་འུད་གོད་དག་མཐོང་ཚེ། །

ཕྱི་ནང་ཁ་ཁོག་མཚུངས་པའི་རྒྱལ་སྲས་ལ་ཕྱོགས་ཐལ། །

ཙོང་ཁ་བླ་མའི་བསྟི་གནས་བྱམས་གླིང་གི་བཀོད་པ། །

ཙི་ན་དགའ་བའི་འགྲེམ་སྟོན་དཀོར་གཉེར་ཙམ་མིན་པར། །

བཅུ་ཕྲག་རིག་པའི་དར་རྒྱས་འབྱུང་གནས་ཞིག་བྱུང་ན། །

རྒྱལ་དང་རྒྱལ་སྲས་དགྱེས་པའི་མཆོད་སྤྲིན་དུ་ངེས་སོ། །

ཚོགས་གཉིས་བསགས་པའི་མི་ཁོམ་རྒྱལ་སྲས་ཀྱི་རྣམ་ཐར། །

སྐད་གཉིས་སྨྲ་བའི་ལོ་པཎ་སྐར་ཚོགས་བཞིན་འཕེལ་རྒྱས། །

ལུགས་གཉིས་མཁྱེན་པའི་རྣམ་དཔྱོད་ཉི་ཟླ་ཡི་སྣང་བ། །

དོན་གཉིས་འོད་གསལ་གྲུབ་པའི་སྨོན་ཚིག་ཅིག་ཤོར་ཐལ། །

རྒྱལ་ཁམས་པ་ཤྲྰི་སྨྱོན་པས་གང་དྲན་དུ་སྨྲས་པ་དགེའོ། །