༄༅། །ཞང་བོད་ཀྱི་ལོ་རྒྱུས་ཏི་སེའི་འོད།རྩོམ་པ་པོ།

ནམ་མཁའི་ནོར་བུས་བརྩམས།

ངོ་སྤྲོད།

«ཞང་བོད་ཀྱི་ལོ་རྒྱུས་ཏི་སེའི་འོད»ཅེས་པ་འདི་ནི་བོད་ཀྱི་མཁས་པ་ཆེན་པོ་ནམ་མཁའི་ནོར་བུ་ལགས་ཀྱིས་བརྩམས་པའི་བསྐལ་པ་ཡ་ཐོག་སྐབས་ཀྱི་ཞང་ཞུང་དང་བོད་ཀྱི་གནས་ཚུལ་སྐོར་བརྗོད་པའི་ལོ་རྒྱུས་ཀྱི་དཔྱད་རྩོམ་ཞིག་རེད། དཔྱད་རྩོམ་འདི་ལ་དུས་རིམ་མི་འདྲ་བ་གསུམ་དུ་ཕྱེས་ཏེ་དུས་རིམ་སོ་སོའི་བྱུང་རབས་ལོ་རྒྱུས་རྒྱས་བསྡུས་འཚམས་པ་ཞིབ་གསལ་གྱིས་རིམ་པར་བཀོད་ཡོད། གཞུང་འདིའི་ལེའུ་དང་པོའི་ནང་དུས་རིམ་གོང་མ་ཞང་ཞུང་གི་མི་རབས་དང་མི་མ་ཡིན་པའི་འགྲོ་བའི་བྱུང་ཚུལ་དང་རྩ་བའི་རུས་ཆེན་བཞི་དང་མིའུ་གདུང་དྲུག་གི་བྱུང་ཚུལ། ཞང་ཞུང་གི་རུས་ཚན་དང་བོན་རབས། གཤེན་རབ་མི་བོ་ཆེས་བོན་གྱི་བསྟན་པ་སྤེལ་ཚུལ་དང་། ཞང་ཞུང་གི་རྒྱལ་རབས་དང་ཞང་ཞུང་གི་ཤེས་རིག་བྱུང་ཚུལ་བཅས་དང་འབྲེལ་བའི་ལོ་རྒྱུས་རྣམས་བཀོད་ཡོད་པ་དང་། ལེའུ་གཉིས་པའི་ནང་དུས་རིམ་བར་མའི་བོད་ཀྱི་མི་རབས་དང་རུས་ཆེན་བཞིའི་བྱུང་ཚུལ་དང་བོན་རབས་བྱུང་ཚུལ། དེ་ནས་བོད་ཀྱི་རྒྱལ་རབས་དང་བོད་ཀྱི་ཡི་གེའི་བྱུང་ཚུལ་དང་བོད་རྒྱལ་སྐུ་མཁར་གྱི་སྐོར་བཅས་འབྲེལ་བའི་ལོ་རྒྱུས་རྣམས་ཞིབ་རྒྱས་སུ་བཀོད་པ་དང་། ལེའུ་གསུམ་པའི་ནང་དུས་རིམ་འོག་མའི་ཞང་བོད་གཅིག་གྱུར་སྐབས་དང་འབྲེལ་བའི་ལོ་རྒྱུས་ཡ་ཐོག་བོད་ཀྱི་མི་རབས་ལ་ངོས་འཛིན་ཚུལ་དང་། ཡ་ཐོག་བོད་ཀྱི་བོན་རབས་ལ་ངོས་འཛིན་ཚུལ། ཡ་ཐོག་བོད་ཀྱི་རྒྱལ་རབས་ལ་ངོས་འཛིན་ཚུལ། ཡ་ཐོག་བོད་ཀྱི་ཤེས་རིག་ལ་ངོས་འཛིན་བཅས་ཀྱི་སྐོར་ལ་ལུང་དང་རིགས་པས་ལེགས་པར་དཔྱད་དེ་གསལ་བར་བསྟན་ཡོད། མདོར་ན་བསྐལ་བ་ཡ་ཐོག་གི་བོད་ཀྱི་ལོ་རྒྱུས་སྐོར་ལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་སོགས་སུ་སྔོན་བྱོན་མཁས་པ་རྣམས་ཀྱིས་བཞེད་པ་གང་མང་མཆིས་ཀྱང་། ཞང་ཞུང་དང་བོད་ཀྱི་བྱུང་རབས་ཀྱི་ལོ་རྒྱུས་སྐོར་འདི་འདྲ་ཞིབ་རྒྱས་ཤིག་ད་བར་དུ་མཐོང་རྒྱུ་ཧ་ཅང་ཉུང་བས། ལྗགས་རྩོམ་འདི་ནི་བོད་རིག་པའི་དཔྱད་རྩོམ་ནང་རིག་གཞུང་གི་རིན་ཐང་མི་དམན་པའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན་ནོ། །

དཀར་ཆག

ལེའུ་དང་པོ། དུས་རིམ་གོང་མའི་ལོ་རྒྱུས་ཡ་ཐོག་ཞང་ཞུང་གི་སྐོར།

ས་བཅད་དང་པོ། ཡ་ཐོག་ཞང་ཞུང་གི་མི་རབས་བྱུང་ཚུལ། ༡ མི་མ་ཡིན་པའི་འགྲོ་བ་རིགས་ཀྱི་སྐོར། ༢ རྩ་བའི་རུས་ཆེན་བཞིའམ་མིའུ་གདུང་དྲུག་གི་སྐོར། ༣ ཞང་ཞུང་གི་རུས་ཚན“བསེ་ཁྱུང་སྦྲའི”སྐོར། ས་བཅད་གཉིས་པ། ཡ་ཐོག་ཞང་ཞུང་གི་བོན་རབས་བྱུང་ཚུལ། ༡ གཤེན་རབ་མི་བོ་ཆེ་དམུ་གཤེན་གྱི་གདུང་ལས་བྱུང་བའི་སྐོར། ༢ གཤེན་རབ་མི་བོ་ཆེ་སྐུ་བལྟམས་ནས་བོན་གྱི་བསྟན་པ་སྤེལ་བའི་སྐོར།

ས་བཅད་གསུམ་པ། ཡ་ཐོག་ཞང་ཞུང་གི་རྒྱལ་རབས་བྱུང་ཚུལ། ༡ བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་སྐོར། ༢ རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐོར།

ས་བཅད་བཞི་བ། ཡ་ཐོག་ཞང་ཞུང་གི་ཡི་གེ་བྱུང་ཚུལ། ༡ གཤེན་རབ་མི་བོ་ཆེས་ཡ་ཐོག་ཞང་ཞུང་གི་ཡི་གེ་བསྟན་པའི་སྐོར། ༢ སྟག་གཟིག་སྤུངས་ཡིག་གི་སྐོར།

ས་བཅད་ལྔ་བ། ཡ་ཐོག་ཞང་ཞུང་གི་ཤེས་རིག་བྱུང་ཚུལ། ༡ གཟི་རིགས་ཐོག་ལྕགས་ཀྱི་སྐོར། ༢ བྲག་རྡོར་བརྐོས་པའི་རི་མོ་རྙིང་བའི་སྐོར། ༣ བཟོ་རིག་པའི་སྐོར། ༤ རོལ་མོའི་སྐོར། ༥ གཏོ་དཔྱད་ཀྱི་སྐོར། ༦ ཇུ་ཐིག་གི་སྐོར། ༧ མོ་པྲའི་སྐོར། ༨ རྨི་ལམ་གྱི་སྐོར། ༩ དབྱངས་འཆར་རྩིས་ཀྱི་སྐོར། ༡༠ སྨན་དཔྱད་རིག་པའི་སྐོར།

མཆན་འགྲེལ།

ལེའུ་གཉིས་པ། དུས་རིམ་བར་མའི་ལོ་རྒྱུས་ཡ་ཐོག་བོད་ཀྱི་སྐོར། ས་བཅད་དང་པོ། ཡ་ཐོག་བོད་ཀྱི་མི་རབས་བྱུང་ཚུལ། ༡ བོད་ཀྱི་རུས་ཆེན་བཞིའི་སྐོར། ས་བཅད་གཉིས་པ། ཡ་ཐོག་བོད་གྱི་བོན་རབས་བྱུང་ཚུལ། ༡ “བོན”ཡིག་ཇི་ལྟར་བྱུང་བསི་སྐོར། ༢ རྗེ་མུ་ཁྲི་བཙན་པོའི་སྐུ་རིང་ལ་བོན་དར་བའི་སྐོར། ༣ བོད་རྗེ་ཐོག་མ་ནས་གནམ་རི་སྲོང་བཙན་བར་བྱུང་བའི་སྐུ་གཤེན་དང་གསས་མཁར་གྱི་སྐོར།

ས་བཅད་གསུམ་པ། ཡ་ཐོག་བོད་ཀྱི་རྒྱལ་རབས་བྱུང་ཚུལ། ༡ བོད་ཀྱི་རྒྱལ་རྒྱུད་ལྷ་ལས་མཆེད་པའི་སྐོར། ༢ རྗེ་གཉའ་ཁྲི་བཙན་པོ་ནས་ཆོས་རྒྱལ་སྲོང་བཙན་བར་རྒྱལ་པོ་གང་དག་བྱུང་བའི་སྐོར།

ས་བཅད་བཞི་བ། ཡ་ཐོག་བོད་ཀྱི་ཡི་གེ་བྱུང་ཚུལ། ༡ བོད་ཡིག་ཐོག་མར་དར་བའི་སྐོར། ༢ ཆོས་རྒྱལ་སྲོང་བཙན་སྔོན་ལ་ཡི་གེ་ཡོད་མེད་ཀྱི་སྐོར།

ས་བཅད་ལྔ་བ། ཡ་ཐོག་བོད་ཀྱི་ཤེས་རིག་བྱུང་ཚུལ། ༡ བོན་ཤེས་པ་ཅན་བཅུ་གཉིས་ཀྱི་སྐོར། ༢ ཤེས་རིག་གི་རྩ་བའི་རྨང་གཞི་གསུམ་གྱིུ་སྐོར། ༣ ཡ་ཐོག་བོད་ཀྱི་རྒྱལ་པོའི་སྐུ་མཁར་གྱི་སྐོར།

ས་བཅད་དྲུག་པ། ཞང་ཞུང་གི་རྒྱལ་གཤེན་བོན་གྱི་གནས་ཚུལ། ༡ སྟག་སྣ་གཟི་བརྗིད་རྒྱལ་པོའི་སྐོར། ༢ མུ་ཝེར་བཙད་པོའི་སྐོར། །༣ བོན་གྱི་གཤེན་པོ་དྲན་པ་ནམ་མཁའི་སྐོར། ༤ ཞང་ཞུང་གི་རྒྱལ་པོ་ལིག་མི་སྐྱ་ལྡེ་བུའི་སྐོར།

མཆན་འགྲེལ།

ལེའུ་གསུམ་པ། དུས་རིམ་འོག་མའི་ལོ་རྒྱུས་ཞང་བོད་གཅིག་གྱུར་གྱི་སྐོར།

ས་བཅད་དང་པོ། ཡ་ཐོག་བོད་ཀྱི་མི་རབས་ལ་ངོས་འཛིན་ཚུལ། ༡ སྐྱ་སེང་བུ་ལྔའི་སྐོར། ༢ སྤྲེལ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོའི་སྐོར། ༣ བོད་མི“ཆང”གི་རྒྱུད་ལས་མཆེད་པའི་སྐོར།

ས་བཅད་གཉིས་པ། ཡ་ཐོག་བོད་ཀྱི་བོན་རབས་ལ་ངོས་འཛིན་ཚུལ། ༡ རྡོལ་བོན་དང་འཁྱར་བོན་བསྒྱུར་བོན་སོགས་ཀྱི་སྐོར། ༢ བན་བོན་གཉིས་ཀྱིས་ཕན་ཚུན་སྐྱོན་འདོན་བྱས་པའི་སྐོར། ༣ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་བསྣུབས་པའི་སྐོར།

ས་བཅད་གསུམ་པ། ཡ་ཐོག་བོད་ཀྱི་རྒྱལ་རབས་ལ་ངོས་འཛིན་ཚུལ། ༡ རྗེ་གཉའ་ཁྲི་བཙན་པོ་ནས་ཆོས་རྒྱལ་སྲོང་བཙན་བར་གྱི་རྒྱལ་རབས་སྐོར། ༢ བོད་ཀྱི་རྒྱལ་རབས་སོ་ལྔ་བ་སྲོང་བཙན་སྒམ་པོའི་སྐོར། ༣ བོད་ཀྱི་རྒྱལ་རབས་སོ་དྲུག་པ་གུང་སྲོང་གུང་བཙན་གྱི་སྐོར། ༤ བོད་ཀྱི་རྒྱལ་རབས་སོ་བདུན་པ་ཁྲི་མང་སྲོང་མང་བཙན་གྱི་སྐོར། ༥ བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་འདུས་སྲོང་མང་པོ་རྗེའི་སྐོར། ༦ བོད་ཀྱི་རྒྱལ་རབས་སོ་དགུ་བ་ཁྲི་ལྡེ་གཙུག་བརྟན་གྱི་སྐོར། ༧ བོད་ཀྱི་རྒྱལ་རབས་བཞི་བཅུ་བ་ཁྲི་སྲོང་ལྡེའུ་བཙན་གྱི་སྐོར། ༨ བོད་ཀྱི་རྒྱལ་རབས་ཞེ་གཅིག་པ་མུ་ནེ་བཙན་པོའི་སྐོར། ༩ བོད་ཀྱི་རྒྱལ་རབས་ཞེ་གཉིས་པ་མུ་རུམ་བཙན་པོའི་སྐོར། ༡༠ བོད་ཀྱི་རྒྱལ་རབས་ཞེ་གསུམ་པ་ཁྲི་ལྡེ་སྲོང་བཙན་གྱི་སྐོར། ༡༡ བོད་ཀྱི་རྒྱལ་རབས་ཞེ་བཞི་བ་ཁྲི་གཙུག་ལྡེ་བཙན་གྱི་སྐོར། ༡༢ བོད་ཀྱི་རྒྱལ་རབས་ཞེ་ལྔ་བ་ཁྲི་དར་མ་འུ་དུམ་བཙན་གྱི་སྐོར།