༄༅། །རང་སྐལ་ཆད་སོང༌། །

དོན་དངོས་འཕྲལ་བྲིས་ཀྱི་རྩོམ་ཐུང༌།

བུ་ལེགས།

ཕྱི་གླིང་དང་བོད་མིའི་བྱ་བར་མེད་དུ་མི་རུང་བ་ལྟ་བུར་གྱུར་པའི་མཇལ་སྐོར་ནི་བདག་རང་ལ་མཚོན་ན་ཆེས་དགའ་བའི་བྱ་བ་ཞིག་རེད། འོན་ཀྱང་ཕྱི་གླིང་བ་ཕལ་ཆེར་དང་མི་འདྲ་ས་ནི་མཇལ་ཞེས་པའི་ཡིག་འབྲུ་འདི་ཡིས་བསྟན།

ཟི་ལིང་དུ་སློབ་གཉེར་བྱེད་པའི་དུས་གསེང་ཞིག་ཏུ་ང་རང་གྲོགས་པོ་མོས་མཐུན་འགའ་དང་འགྲོགས་ནས་མཇལ་སྐོར་ལ་ཕྱིན་པ་ཡིན། ཡུལ་གྱི་བཀོད་པ་དང་བསྟུན་ནས་རིམ་བཞིན་དམར་གཙང་བྲག་དང༌། དགོན་ལུང༌། མཆོད་རྟེན་ཐང་སོགས་ལ་མཇལ་སྐོར་བྱས། མཐར་གྱིས་སྔོན་དུས་དཔའ་རིས་ཀྱི་ས་ཆ་ཡིན་ལ་དེང་དུས་མཚོ་སྔོན་ཞིང་ཆེན་ཧོ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་མངའ་ཞབས་སུ་ཡོད་པའི་ཡུལ་ཚོ་ཞིག་ཏུ་ཞག་མལ་ཕོག དེའི་ཕྱི་ཉིན་སྔ་ལངས་བྱས་ནས་སོང་བ་ཡིན་མོད་ཕྱིར་རྫོང་དུ་ལོག་པའི་རླངས་འཁོར་དུ་མིས་གང་ཚར་འདུག ཉིན་དེ་ལ་རླངས་འཁོར་དེ་ཁོ་ན་ལ་མ་བརྟེན་ན་རྫོང་དུ་སླེབས་མི་ཐུབ་པས་ང་ཚོ་ནང་དུ་འཚང་ཀ་བྱས་ནས་ཞུགས་པ་ཡིན། ལུས་ལ་བོད་ཆས་གྱོན་ཞིང་ཁ་ནས་བོད་སྐད་རྒྱག་པའི་ང་ཚོ་རླངས་འཁོར་དུ་ཞུགས་མ་ཐག་ཏུ་བསམ་ཡུལ་དུ་མེད་པ་ཞིག་ནི། ལོ་བཅོ་ལྔ་ཡས་མས་ཀྱི་བུ་མོ་ལྔ་དྲུག་ཙམ་རང་རང་གི་སྡོད་ས་ལས་ཡར་ལངས་ནས་ང་ཚོ་སྡོད་བཅུག་ཅིང་ཁོ་ཚོའི་ངོ་ནས་བཅོས་མིན་གྱི་འཛུམ་མདངས་ཤིག་ཀྱང་བསྟན། ཡིན་ནའང་ང་ཚོར་ཅེ་རེར་བལྟས་པ་ལས་གཏམ་གླེང་གང་ཡང་བྱེད་ཀྱི་མི་འདུག ས་ཁོད་མི་མཉམ་པར་ཀྱག་ཀྱོག་གི་གཞུང་ལམ་བརྒྱུད་དེ་རླངས་འཁོར་གྱིས་ངར་སྒྲ་འབྱིན་བཞིན་མདུན་དུ་སྐྱོད་པའི་མཚམས་ཤིག་ལ། ང་ཚོའི་རོགས་པ་ཞིག་གིས་རྒྱ་སྐད་ཀྱི་ཐོག་ནས་བུ་མོ་ཚོ་དང་གཏམ་གླེང་བྱེད་པའི་སྒོ་ཕྱེ་བ་ན་གཟོད་རྟོགས་བྱུང་བའི་གསང་བ་ཞིག་ནི། ང་ཚོ་ཞག་མལ་བགྱི་ཡུལ་དེ་ཡང་བོད་སྡེ་ཞིག་ཡིན་ཞིང་ཡུལ་ཚོ་དེའི་མི་སེར་མང་ཤོས་ནི་བོད་རིགས་ཡིན་འདུག འོན་ཏེ་དེང་སང་སྐྱེ་བོ་ཕལ་ཆེར་གྱིས་བོད་སྐད་མི་ཤེས་ཤིང་བོད་ཡིག་ནི་དེ་ལས་ཀྱང་ག་ལ་ཤེས། དེར་བརྟེན་བུ་མོ་དེ་དག་ཀྱང་བོད་མི་ངོ་མ་ཡིན་ཡང་རང་སྐད་བཤད་མི་ཤེས་པས་ངོ་གནོང་སྟེ། ང་ཚོར་གཏམ་གླེང་བྱེད་པའི་སྤོབས་པ་ཡོངས་སུ་ཉམས་ཀྱང་རིགས་ཞེན་གྱིས་འདུག་ས་སྤྲོད་པ་ཡིན་འདུག ཧོ་ཀྲོའུ་རྫོང་དུ་འབྱོར་ནས་རླངས་འཁོར་ལས་བབ་དུས་བུ་མོ་དེ་ཚོས། ཁོ་ཚོ་ནི་རྫོང་ཐོག་གི་སློབ་འབྲིང་སློབ་མ་ཡིན། རྒྱུན་དུ་སེམས་ནང་ཡོད་ཀྱང་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་ཀྱི་གོ་སྐབས་མ་ཐོབ་ཅེས་བཤད། ཁ་བྲལ་དུས་སུ་ཨུ་ཚུགས་ཀྱི་སྒོ་ནས་ང་ཚོར་རྒྱའི་གདངས་དང་འདྲེས་པའི་བོད་སྐད་ཀྱིས་ད་བདེ་མོ་བྱོས་ཞེས་བརྗོད་པ་ལས་གཞན་པའི་རང་སྐད་ནི་ཚིག་གཅིག་ཀྱང་བཤད་ཤེས་ཀྱི་མི་འདུག་གོ །

བཤད་མ་ཐག་པའི་འདུ་བྲལ་དེ་ལས་རང་སེམས་སུ་རྣམ་རྟོག་ཅིག་འཁོར་བྱུང་བ་ནི། དེ་ལྟ་བུའི་ལུང་ཁུག་ལོགས་བཀར་མི་རིགས་གཞན་དང་འདུས་སྡོད་བྱེད་པའི་བོད་ཕྲུག་གྲངས་མང་པོ་ཞིག་ནི་དངོས་གནས་བོད་ཀྱི་སྐད་ཡིག་གཤིས་སྤྱོད་བཅས་ཀྱི་སྐལ་པ་ཆད་མཁན་དང༌། མི་རིགས་སྲིད་ཇུས་དོན་འཁྱོལ་གྱི་འོད་ཟེར་མ་ཕོག་པའི་སྐལ་ཆད། གངས་ལྗོངས་ཀྱི་བདེ་སྐྱིད་མྱོང་མ་ཐུབ་པའི་སྐལ་ཆད། དེ་ལས་ཀྱང་དུས་རབས་ཀྱི་གོམ་འགྲོས་དང་མི་མཐུན་པའི་སྐལ་ཆད་ཀྱང་ཡིན་ནོ་ཞེས་པ་དེའོ། །དེས་ན་སློབ་གྲྭ་འདིར་འཁོད་ཅིང་གོང་རིམ་སྲིད་གཞུང་གི་ཐུགས་རྗེའི་གྲིབ་བསིལ་ཕོག་པའི་དགེ་སློབ་ཡོངས་ཀྱི་ཕྲག་གོང་དུ་འོས་འགན་ཞིག་བབ་པ་མ་ཡིན་ནམ། །

ནམ་ཟླའི་དཔལ་དང་སྐྱེ་བོའི་བསམ་པའི་འཁྱེར་སོ་རིམ་གྱིས་འགྱུར་སོང་ཡང་མཇལ་སྐོར་ནི་ད་དུང་བདག་གི་ཡིད་དབང་འཕྲོག་བྱེད་གཅིག་ཡིན་ལ། སླར་ཡང་གནའ་དེང་མེ་ཆུ་ལྟར་གྱུར་པའི་བསིལ་ལྗོངས་མཐའ་ཡུལ་མང་པོར་མཇལ་སྐོར་ལྟ་དཔྱོད་དུ་འགྲོ་བའི་འདུན་པ་ཡར་རྒྱས་སུ་མཆིས་པའོ། །