༄༅། །ཤྲཱི་ཀ་ལ་ཙཀྲའི་དབང་ཞུ་རྣམས་ལ་གདམས་ངག་ཡིད་བཞིན་

ནོར་བུའི་མེ་ལོང་།

ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཀ་ལ་ཙཀྲ་ཡེ། །

ཕྱོགས་དུས་སྲས་བཅས་རྒྱལ་བའི་གསང་གསུམ་ཀུན། །

ཀུན་འདུས་ཡིད་བཞིན་ནོར་བུ་རིན་པོ་ཆེ། །

ཆེ་བའི་ཆེ་མཆོག་འཛམ་གླིང་ཆོས་ཀྱི་རྒྱལ། །

རྒྱལ་སྲས་སྤྱན་རས་གཟིགས་དབང་ཕྱག་གིས་འདུད། །

སྙིགས་ལྔའི་མུན་པ་བསལ་བའི་ཉི་ཟླ་བཞིན། །

མཁྱེན་བརྩེ་ནུས་པའི་འཁོར་སྒྱུར་རིན་པོ་ཆེས། །

མཐའ་ཡས་འགྲོ་བའི་མོས་བློ་དང་འཚམ་པར། །

ཟབ་རྒྱས་ཆོས་ཚུལ་གདམས་པར་འདི་ལྟར་ལགས། །

སྲོག་ལྡན་སེམས་ཅན་ཐམས་ཅད་ཀུན་མཚུངས་པར། །

བདེ་འདོད་སྡུག་བསྔལ་མི་འདོད་འདྲ་མཉམ་ཕྱིར། །

སྣོད་བཅུད་ཞི་བདེ་ཕྱི་ནང་གསང་བའི་དོན། །

ཀུན་མཐུན་བྱང་ཆུབ་ལམ་དུ་འབད་པར་འཚལ། །

དགེ་སྡིག་བླང་དོར་ཉམས་སུ་ལེན་མཁས་ན། །

མི་ཆོས་ལེགས་འགྲུབ་འདི་ཕྱིར་སྐལ་བ་བཟང་། །

ཚེ་སྲོག་མི་འཇིག་རིང་འཚོ་ཞི་བདེའི་དཔལ། །

མི་རིགས་འགྲོ་བར་རང་དབང་དགའ་སྤྲོ་འཕེལ། །

འཕགས་པའི་བདེན་བཞི་མི་རྟག་བཅུ་དྲུག་རྣམས། །

ཡང་ཡང་སོམས་དང་དམ་ཆོས་རྣལ་མ་ཞིག །

ཐོས་བསམ་སྒོམ་པའི་ཡོན་ཏན་ཐོབ་འགྱུར་བས། །

སློབ་གཉེར་ཡང་དག་མཛད་པར་ཤིན་ཏུ་གལ། །

འཁོར་བར་མ་རིག་ཞེན་པའི་གང་ཟག་འགས། །

འདོད་པར་སྤྱད་ཅིང་རྨོངས་སྲེད་རབ་འཕེལ་བ། །

ཆགས་སྡང་རྨོངས་པས་བཟི་བའི་དོལ་མཆོད་སོགས། །

འཇིགས་བསྐུལ་གནོད་བྱེད་ཚོགས་དག་ཕྱིར་དེངས་ཤིག །

འཇིག་རྟེན་ཆེད་དུ་རྙེད་བདེ་གྲགས་བསྟོད་རྣམས། །

རྨི་ལམ་ཉོ་ཚོང་འདྲ་བས་སྙིང་པོ་མེད། །

མཚན་ཉིད་ཀུན་ལྡན་བླ་མ་དམ་པ་ཞིག །

མཉེས་པ་གསུམ་གྱིས་བསྟེན་དང་དངོས་གྲུབ་འཐོབ། །

མངོན་མཐོ་ངེས་ལེགས་ཕུན་ཚོགས་མཐའ་དག་ཀུན། །

སྡོམ་པ་ཉམས་ལ་འབྱུང་བའི་སྐབས་བྲལ་ཕྱིར། །

དྲན་ཤེས་བག་ཡོད་ལྡན་པས་རང་རྒྱུད་འདུལ། །

སོར་བྱང་སྔགས་ཀྱི་སྡོམ་པ་བསྲུང་བར་མཛོད། །

ཐོས་པ་མ་རིག་མུན་སེལ་སྒྲོན་མེ་སྤོར། །

བསམ་པ་འཆད་རྩོད་རྩོམ་པས་སྒྲོ་འདོགས་ཆོད། །

སྒོམ་པ་ཏིང་འཛིན་རྣམ་གསུམ་རྟག་ཏུ་འབོད། །

ཞི་ལྷག་ཐབས་ཤེས་བརྩོན་པར་ཤིན་ཏུ་གལ། །

གསུང་རབ་རྒྱ་མཚོ་མཉན་པའི་སྤྲོ་སེམས་གཅིག །

སྟོན་དང་བསྟན་ལ་ཡིད་ཆེས་ངེས་ཤེས་གཉིས། །

ཆགས་སྡང་རྨོངས་པའི་རྩ་བ་འཇོམས་པ་གསུམ། །

བྱུང་ན་དེ་ཚེ་རྒྱལ་བའི་རྗེས་འཇུག་ལགས། །

རྟོན་བཞི་གོ་ལོག་མ་སོང་མདོ་སྔགས་དོན། །

ཟབ་རྒྱས་གདམས་ངག་ལུང་རིགས་ཡང་དག་གིས། །

ཐུགས་ལ་འཁྲུངས་ན་རང་རྒྱུད་དམ་པའི་ཆོས། །

སྐལ་བཟང་སྙིང་གི་གདམས་དོན་རྙེད་པ་ལགས། །

རྙེད་དཀའི་དལ་འབྱོར་སྙིང་པོ་ལོན་པའི་ཐབས། །

དོན་ཆེན་གཏན་གྱི་འདུན་མ་བསྒྲུབ་པའི་ཚུལ། །

མི་རྟག་སྒྱུ་མའི་ཚེ་ལ་ངེས་མེད་པས། །

བསླུ་མེད་ལས་འབྲས་གནས་ལ་ཡིད་ཆེས་གལ། །

ལུས་ཅན་ལས་ཀྱི་རྒྱུ་འབྲས་ཆུད་མི་ཟ། །

ཚོགས་ཤིང་དུས་སུ་སྨིན་ཚེ་བཅོས་ཐབས་བྲལ། །

ཤིན་ཏུ་བཟོད་དཀའ་འཁོར་བའི་སྡུག་བསྔལ་ལས། །

ཐར་པའི་བྱང་ཆུབ་ལམ་བཟང་བསྟེན་པར་མཛོད། །

བགྲང་ཡས་དུཿཁས་མནར་བའི་འགྲོ་བ་དག །

འདྲེན་པའི་སྐྱབས་གནས་བསླུ་བ་མེད་པ་ནི། །

སངས་རྒྱས་ཆོས་ཚོགས་གསུམ་ལས་གཞན་མེད་ཕྱིར། །

དཀོན་མཆོག་རྣམ་གསུམ་སྐྱབས་སུ་བསྟེན་པར་རིགས། །

ཁམས་གསུམ་སྡུག་བསྔལ་བདག་བདེ་འདོད་ལས་བྱུང་། །

ཞི་བདེ་མཐའ་དག་གཞན་ཕན་སེམས་ལས་འཁྲུངས། །

དེ་ཕྱིར་སྨོན་འཇུག་དོན་དམ་རིན་ཆེན་སེམས། །

བླ་མེད་བྱང་ཆུབ་སེམས་མཆོག་བསྐྱེད་པར་རིགས། །

གཞི་རྒྱུད་རང་བྱུང་རིག་པའི་མེ་ལོང་ལ། །

གློ་བུར་སྒྲིབ་གཉིས་བག་ཆགས་རྡུལ་ཕུང་དག །

རབ་བསལ་དག་རྫོགས་སྨིན་པར་དུས་འཁོར་གྱི། །

སྲོག་སྡོམ་གཟེར་བཞིས་གནད་ལ་འབད་པར་རིགས། །

སྣང་གྲགས་རིག་པ་ལྷ་སྔགས་ཆོས་ཉིད་ངང༌། །

སྐུ་དང་ཡེ་ཤེས་རོལ་བ་འབྱམས་སུ་ཀླས། །

ཟབ་གསང་རྣལ་འབྱོར་ཆེན་པོས་ཉམས་ལེན་ཀུན། །

དབྱེར་མེད་ཐུགས་ཀྱི་ཐིག་ལེར་བསྟིམ་པར་རིགས། །

སྦྱོར་དྲུག་བྱེད་རྩོལ་རྩ་རླུང་ལུས་འཕྲུལ་འཁོར་གྱིས། །

བདེ་གསལ་མི་རྟོག་ཏིང་འཛིན་འོད་གསལ་ངང་། །

བསྐྱེད་རྫོགས་རིམ་གཉིས་ལམ་ལ་དབང་འབྱོར་ཕྱིར། །

ཕྱག་ཆེན་དུས་ཀྱི་འཁོར་ལོ་བསྟེན་པར་རིགས། །

གདུལ་དཀའ་སྙིགས་ལྔའི་རྨོངས་མུན་བདོ་བའི་ཚེ། །

རྩོལ་བཅས་ཐེག་པའི་སྣང་གསལ་མངོན་དཀའ་བས། །

ཐེག་རྩེ་ཨ་ཏིའི་རིག་པ་ཉི་མའི་འོད། །

འོད་གསལ་རྫོགས་པ་ཆེན་པོ་མཁྱེན་པར་རིགས། །

སྨིན་གྲོལ་དབང་བཞིས་སྒྲིབ་ཀུན་ཡོངས་སྦྱོངས་ཏེ། །

ཅོག་གཞག་བཞི་ལྡན་མན་ངག་གནད་གསང་རྟོགས། །

རིག་འཛིན་རྣམ་བཞིའི་ས་ལམ་མཐར་ཕྱིན་ནས། །

དོན་དམ་སྐུ་བཞིའི་ངོ་བོར་སངས་རྒྱས་ཤོག །

འདིར་སྨྲས་དགེ་བས་བདག་གཞན་འགྲོ་བ་ཀུན། །

ཀུན་བཟང་རྒྱལ་སྲིད་དམ་པར་དབང་འབྱོར་ཞིང་། །

ཞིང་མཆོག་དག་མཉམ་རབ་འབྱམས་མངོན་སུམ་སྟོན། །

ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །

ཅེས་པའང་རབ་རྒྱན་ལྕགས་ཡོས་སྣྲོན་ཟླའི་ཉའམ་འཛམ་གླིང་སྤྱི་བསང་གི་སྐབས་སུ་ཆོས་ནོར་གྱི་མུ་ཏོ་བ་བདག་ལ་སྙིང་ནས་དགའ་དད་ཡོད་པའི་སྙིང་གྲོགས་འགའ་ཞིག་གིས་ཡང་ཡང་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་དུ་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་གང་དྲན་དུ་ཤར་མར་བྲིས་པ་དགེའོ། །