༅། །སེམས་རྒྱུད་ཆོས་དང་མཐུན་པའི་ཚུལ་ཁྲིམས་བློ་གྲོས།

བཙུན་པ་ཁྱེད། ལྷོ་གླིང་གངས་ཁྲོད་སྟུབ་པོའི་འཇིག་རྟེན་དུ་བཅོས་མེད་ངེས་འབྱུང་གི་གདམས་པ་སྙིང་ལ་འཆང་བཞིན། མཉམ་མེད་ཤཱཀྱའི་རྒྱལ་པོ་སྤྱི་གཙུག་རྒྱན་དུ་མཆོད་ཅིང། སྡོམ་ཁྲིམས་ཕྲ་རགས་ཀྱི་ར་གུར་ལས་མི་འདའ་བའི་དམ་བཅའ་ཐོག་མར་ཕུལ།

དགེ་སྦྱོང་ཁྱེད། སྲབ་འཇམ་ངུར་སྨྲིག་གི་རས་རྐྱང་ལུས་ལ་འཆང་ཞིང། ལྷན་སྐྱེས་པ་ལོ་སྟུབ་པོ་དུམ་བུར་བཅད། ད་དུང་ཤི་ཡང་ཆོས་མིན་གྱི་ལས་ནམ་ཡང་མི་བྱེད་བའི་དམ་བཅའ་བརྟན་པོ་རྡོ་ལ་རི་མོ་བྲིས་པ་བཞིན་ཨུ་ཚུགས་ཀྱི་འཇོག་ཚེ་ངས་ཁྱེད་ལྐུག་པ་ནང་གི་ལྐུག་པ་ཨུ་ཚུགས་ཅན་ཞིག་རེད་དྲན་མྱོང།

དཔའ་བོ་ཁྱེད། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་དམག་ཚོགས་རིམ་གྱིས་བཅོམ་སྟེ་བདུད་བཞིའི་མགོ་ལ་གནམ་ལྕགས་ཀྱི་ཐོ་བ་ངར་མོ་རེ་སྣུན་ཚེ་ས་ཆེན་པོ་འདིས་ཀྱང་གཟོད་མ་ཐུབ་པའི་ཤུགས་ཆེན་ཁྱེད་ཕྱོགས་བཅུའི་རབ་འབྱམས་རྒྱ་མཚོར་བཞུགས་པའི་རྒྱལ་སྲས་ཀྱི་ཐུགས་རྗེའི་ནུས་ཀུན་འདུས་པའི་བྱིན་རླབས་ཀྱི་གོང་བུ་ཞིག་མཐོང།

འོད་དཀར་ཁྱེད། དད་ལྡན་འགྲོ་བ་གྲངས་མེད་ཀྱི་སེམས་སྟེབས་སུ་ལྷུན་གྱིས་གྲུབ་ཅིང་གཞན་ཕན་རིས་མེད་ཀྱི་འོད་མདངས་ཆེམ་ཆེམ་སྤྲོས་ཚེ་ཁྱེད་ངོ་མ་ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན་པ་དེ་ཡིན་ངེས་ཅན་རེད།

དམ་པ་ཁྱེད། རྒྱལ་སྲས་སེམས་དཔའ་ཕེབས་པའི་བཤུལ་ལམ་དེར་བགྲོད་ཅིང། མཛེས་སྡུག་འདོད་ཡོན་སྒེག་མོའི་ཞལ་རས་ལ་ཆགས་སེམས་ཀྱི་ཐག་པ་དུམ་བུར་སྟུབ་སྟེ་གཏན་དུ་མི་ནུབ་པའི་སེམས་ཀྱི་ཁུར་བོ་བཙལ། སྙན་འཇེབས་རོལ་མོའི་དགའ་སྟོན་ལ་རྒྱང་གིས་ཕྱོགས་ཏེ་བསྐལ་བརྒྱར་མི་འགག་པའི་ཆོས་དབྱངས་བསླབས། སྣ་ཚོགས་སྲེད་ཞིམ་གྱི་དྲི་བསུང་རླུང་ལ་སྐུར་ཏེ་ཁྲིམས་གཙང་མ་ལ་ཡའི་བསུང་ངད་མགྲོན་དུ་བསུ། སྣ་ཚོགས་གསོལ་ཚིག་གི་གར་སྟེབས་སུ་འཚང་ཁས་ངལ་བ་སྤངས་ཏེ་གསམ་གཏན་གྱི་ཟས་ལ་རོལ། དར་དང་གོས་ཆེན་ལས་རྙེད་པའི་བདེ་དྲོད་འཇམ་མཉེན་གྱི་རེག་བྱ་ལ་ཕྱིར་མིག་བཙུམས་སྟེ་འཁོར་འདས་དབྱེར་མེད་ཀྱི་རེག་བྱར་བསྟེན།

དྲང་སོང་ཁྱེད། ནོར་མཛོད་ལ་ཆགས་པའི་ཇག་རྐུན་མང་པོ་འདུར་རྒྱུག་ལ་བྲེལ་ཞིང་རང་སྲོག་ཁ་ཟས་ཀྱི་ཕྱིར་དུ་འཕང་མེད་དུ་གཏང་བཞིན་པའི་དུས་སྐབས་དེར། ལྷུང་བཟེད་ཟད་པོ་ཞིག་དང་འཁར་གསིལ་རྙིང་པ་ཞིག་ལག་གིས་བསྐྱོར་ཐུབ་ལ་མ་ཐུབ་ཀྱི་གྲོང་ཚོར་ཉུལ་བཞིན་བྱིན་ལེན་མ་བྱས་ན་ཟས་གཏན་སྤང་བྱེད་ཐུབ་པའི་རྒན་པོ་ཁྱེད་ངོ་མ་དུས་ཚོད་ཀྱི་རིན་ཐང་མི་ཤེས་པའི་བསོད་སྙོམས་པ་ཞིག། །

བཤེས་གཉེན་ཁྱེད། ཆུང་སྲིན་གྲོག་མ་ནས་ལྷ་མི་མན་ཆོད། ཕ་མགོ་བུས་གཡོགས་ཤིང་བུ་མགོ་གྲོགས་ཀྱི་བསྐོར་ཏེ་ངག་གིས་ལྗགས་རྩལ་འགྲན་པའི་འདུ་ར་འདིར་ངོ་ཚ་ཁྲེལ་མེད་ཀྱི་ཚོང་ཁྲོམ་བགྲངས་ཐབས་མེད་དུས། དུག་གསུམ་གྱིས་མ་སླད་པའི་གསུང་དབྱངས་རེ་རེས་མདོ་རྒྱུད་ཀྱི་དགོངས་དོན་མ་ལུས་དཔྱད་ལམ་ནས་དྲངས་སྟེ། སྐྱེ་འགྲོའི་སེམས་ཀྱི་མལ་སར་སྒྲོག་བཞིན་པ་འདི་ཅི་འདྲའི་སྙན་ཞིང་འཇེབས་པ་ཞིག མདོར་ན་ཁྱེད། སྲིད་གསུམ་འདིར་དབང་མེད་དུ་འཁོར་བཞིན་པའི་སྐྱེ་འགྲོའི་མིག་ལམ་དུ་འབྲོག་པའི་རྒན་པོ་ཉམ་ཆུང་ཞིག་གི་སྐུ་རུ་བཞེངས་མོད། གནས་ལུགས་དང་མཐུན་ན་ཀུན་གྱིས་བཀུར་ངེས་པས། ནམ་ཡང་ཁྱེད་དཔའ་མ་ཞུམ་ཞིག ། སྟག་ལྗོངས་འཆི་མེད་ཀྱིས་་༢༠༡༢