༄༅། །སྤྲུལ་སྐུའི་རྟོགས་བརྗོད་གཟུར་གནས་བློ་ལྡན་དགྱེས་པའི་མེ་ལོང་། །

ན་མོ་གུ་རུ་ནིརྨ་ཀ་ཡ་ཤྰཀྱ་མུ་ན་ཡེ། །

ཀ་དག་སྤྲོས་བྲལ་དབྱིངས་ལས་མ་གཡོས་ཀྱང་། །

ཁ་སྦྱོར་ཡན་ལག་བདུན་ལ་དབང་འབྱོར་བས། །

གང་ལ་གང་འདུལ་སྤྲུལ་པའི་སྐུར་སྟོན་པ། །

ང་རྒྱལ་རྣམ་དག་བསམ་བཞིན་འདྲེན་པར་བྱོན། །

ཅ་ཅོས་འུར་སྒྲོག་བྱས་པའི་སྤྲུལ་རྫུན་གཅིག །

ཆ་ཆོ་མེད་པའི་མི་ནག་བསྟན་བཤིག་གཉིས། །

ཇ་ཆང་རྒྱུ་ནོར་སྒྲུབ་པའི་ཚོང་དཔོན་གསུམ། །

ཉ་ཉོག་སྤྲུལ་མིང་བཏགས་ཀྱང་སྐྱག་རྫུན་ལགས། །

ཏ་ཐཱ་ག་ཏའི་བསྟན་འཛིན་སྤྲུལ་པའི་སྐུ། །

ཐ་དག་རིག་པའི་གནས་ལ་བྱང་ཆུབ་ཅིང་། །

ད་ལྟ་ཉིད་ནས་ཉམས་ལེན་གནང་མཛད་ན། །

ན་ཚོད་ཁྱད་མེད་ངེས་དོན་སྤྲུལ་སྐུ་ལགས། །

པ་ལགས་གཡོ་སྒྱུ་མ་རྒན་ཁ་མཁས་པས། །

ཕ་མའི་ནང་གྲོས་བླ་མའི་དབུ་བསྐོར་འཁན། །

བ་གླང་མི་ཡི་གཟུགས་སུ་བཟོས་པ་རྣམས། །

མ་ལུས་སྤྲུལ་རྫུན་ཡིན་པས་མཁྱེན་པར་མཛོད། །

ཙ་རི་སྦས་ཡུལ་འགྲིམ་པའི་རྣལ་འབྱོར་གཅིག །

ཚ་གྲང་དཀའ་སྤྱད་དམ་ཆོས་དོན་གཉེར་གཉིས། །

ཛ་ཡའི་བསྟན་པའི་སྙིང་པོ་དགོངས་པ་གསུམ། །

ཝ་ལེར་ཐབས་མཁས་བསྟན་འཛིན་ཡོངས་སུ་གྲགས། །

ཞྭ་མོ་ཆེད་དུ་བཟོས་པའི་ནོར་སྐྱོང་གཅིག །

ཟ་འཐུང་སྒྲུབ་ཕྱིར་འཁོར་བའི་འགོ་འཛིན་གཉིས། །

འ་ཅག་མགོ་སྐོར་གཏོང་བའི་མི་ཆེན་གསུམ། །

ཡ་སོ་ཅན་གྱི་འབྲི་གཡག་སྐྱེ་སྤྲུལ་ལོ། །

རབ་བྱུང་རྟགས་ཀྱི་བན་ཆུང་ཡིན་ཀྱང་རུང་། །

ལྭ་བ་དཀར་པོའི་སྔགས་བཙུན་གང་ཡིན་ཀྱང་། །

ཤ་ཞེན་སྙིང་རྗེ་འགྲོ་ལ་ཡོད་སྲིད་ན། །

ས་སྟེང་འགྲོ་ཁམས་བདེན་པའི་ལམ་དུ་དྲོངས། །

ཨ་ཕ་ཤི་ནས་ཨ་ལགས་སྐྱེ་སྲིད་ཅེས། །

ཧ་ཅང་ཐལ་བའི་རང་གཞན་མགོ་སྐོར་རྣམས། །

ཨ་ཁ་འཛམ་བུ་གླིང་དུ་ཁྱབ་གྱུར་ན། །

ཧ་ལམ་རྒྱལ་བསྟན་འཛིན་པའི་བླ་བཙོང་ངོ་། །

མདོར་ན་དྲང་བདེན་ཡང་དག་སྤྲུལ་སྐུ་དང་། །

མཆོད་འོས་བསླུ་བའི་སྤྲུལ་རྫུན་དཀོར་གཟན་གཉིས། །

ཁྱད་པར་བདེན་རྫུན་དཔྱད་གསུམ་རིགས་པས་དཔྱོད། །

བདེན་པའི་རྒྱལ་མཚན་མི་ནུབ་རྟག་བརྟན་ཤོག །

སྐྱེ་སྤྲུལ་འཁྲུལ་མེད་བཤད་སྒྲུབ་ཕྲིན་ལས་ཅན། །

བཟོ་སྤྲུལ་ཇོ་ཤཀ་གསུང་རབ་བདེན་པའི་གཟུགས། །

མཆོག་སྤྲུལ་སངས་རྒྱས་ཀུན་འདུས་བླ་མ་རྣམས། །

འཇིག་རྟེན་ཁམས་སུ་ཞབས་པད་བརྟན་གྱུར་ཅིག །

ཅེས་པ་རབ་རྒྱན་ཆུ་སྦྲུལ་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་ལ་འཇམ་དབྱངས་ནོར་བུས་“བོད་ཀྱི་སྤྲུལ་སྐུ་རྗེས་མ་ཨེ།”ཞེས་པའི་རྩོམ་ཐུང་ཞིག་མཐོང་བའི་མོད་ལ་དགའ་སྐྱོ་ཟུང་གིས་གང་ཤར་དུ་ཤྲྰི་སྨྱོན་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག་གུ།

མཆན། དགའ་ཡང་དགའ་སྟེ་འཇིག་རྟེན་ཕྱོགས་སུ་རྣམ་དཔྱོད་མཁའ་ལྟར་ཡངས་པ་ཞིག་ཏུ་སྣང་ངོ་།

སྐྱོ་ཡང་སྐྱོ་སྟེ་དམ་པའི་ཆོས་ཕྱོགས་ལ་ཁྱི་སྔུན་དུ་རྩྭ་བཞག་པ་ལྟ་བུ་ཞིག་ཏུ་མཐོང་བར་ལགས་སོ། །