༄༅། །ཨ་བུ་བདེ་གཡང་ལ་ཕུལ་བའི་སྙིང་གཏམ་གྱི་སྙིང་པོ་ཞེས་བྱ་བ།

ན་མོ་གུ་རུ་མ་ཧྰ་སུ་ཁ་པུནྱ་ཡེ། །

དཀར་གསལ་ལང་ཚོ་རྫོགས་པའི་གཞོན་ནུའི་ལུས་ཅན། །

སྙན་འཇེབས་པི་ཝང་རྡུང་བའི་གླུ་ལེན་གར་མཁན། །

ཆུ་གཏེར་ཀློང་ནས་འཛུམ་པའི་ཡིད་འཕྲོག་དབང་མོ། །

ཚངས་སྲས་ལྷ་མོ་བདག་ཡིད་རྒྱན་ཏུ་བཞུགས་ཤིག །

རྟེན་འབྲེལ་ལས་ཀྱིས་འབྲེལ་བའི་རྒྱང་རིང་གྲོགས་མོར། །

གློ་སྙིང་སྲོག་གི་དབང་རྩ་དབང་མེད་ཤོར་བས། །

ཉིན་མཚན་དབྱེ་བ་མེད་པའི་དྲན་ཐག་རིང་མོ། །

རྨ་རྫ་འབྲི་ཆུའི་རྒྱུན་ལས་དྲན་གླེང་མང་ཐལ། །

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

རྒྱང་རིང་ཡུལ་གླིང་ཞིག་གི་གྲུ་ཟུར་ཆེ་ནས། །

སྙིང་གཏམ་སྲོང་པོ་གླེང་སའི་སྙིང་གྲོགས་ཁྱེད་ལ། །

ཕྱི་ནང་གསང་གསུམ་གབ་སྦས་གཏན་ནས་མེད་པར། །

སེམས་ལ་ཅི་དྲན་མཆོག་ལ་གུས་པས་ཞུས་ཡོད། །

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

འོན་ཀྱང་ལྷག་བསམ་དུང་གི་ཟླ་བ་དཀར་པོ། །

མ་བསྐུལ་རླུང་གིས་སྤུར་བའི་སྙིང་གི་བསིལ་ཟེར། །

ནམ་ཞིག་སྲོག་གི་རྒྱུ་བ་མ་ཆད་བར་དུ། །

དྲན་པའི་བག་ཆགས་སེམས་ལས་འབྲལ་ཐབས་མི་འདུག །

མཆོག་དང་ངེད་གཉིས་སྐྱེད་ཚལ་འཇའ་འོད་ཀློང་ནས། །

དུང་སེམས་ཕན་ཚུན་མཐུན་པའི་འདྲ་པར་དྲན་ཚེ། །

དབང་མེད་ལུས་ཀུན་ཤ་ཟིང་སྤུ་ཟིངས་ངང་ནས། །

ལས་འབྲས་ཐོད་པ་དཀར་པོ་ཁྱོད་ལ་བཏུད་ཡོད། །

་་་་་་་་་་་་་་

གཞོན་དུས་སྐྱིད་པའི་དུས་ཚོད་རིན་ཐང་ཅན་ལ། །

སློབ་གླིང་བཟང་པོར་འགྲིམ་པའི་སྐལ་བཟང་ཉི་མ། །

རྫོགས་ལྡན་ལང་ཚོ་གསར་བའི་འཁྲི་ཤིང་བཟང་པོ། །

དགེན་བཟང་སློབ་གསོས་མདུན་ལམ་དགུང་དུ་བསྟོད་ཅིག །

དར་དུས་མི་ཚེའི་འགྲོ་སྟངས་སྣ་ཚོགས་མང་ཡང་། །

འཇིག་རྟེན་ཡ་རབས་མཐོ་སྒང་བོད་པའི་སྲོལ་རྒྱུན། །

མི་དོར་དུས་རབས་ཉེར་གཅིག་མདུན་སར་གཙང་མ། །

བསྐྱོད་པའི་བློ་སྤོབས་མཛོད་ཅིག་སྙིང་གི་དུམ་བུ། །

ཕ་མ་བཟང་པོས་གནང་བའི་བྱམས་བརྩེ་དྲོན་པོ། །

ངོ་ལྐོག་མེད་པར་གཞན་ཁར་རྒྱུགས་པར་མི་ཉན། །

རང་ཚུགས་ཟིན་པའི་དྲན་ཤེས་བག་ཡོད་ལྡན་པར །

ནམ་ཡང་འབྲལ་མེད་མཛོད་ཅིག་སྙིང་གི་བདེ་གཡང་། །

བློ་རྩེ་གཉེན་ལ་འདྲི་བ་ཡ་རབས་རྟགས་མཚན། །

བློ་ཐག་རང་གིས་དུམ་བུར་གཅོད་པ་མེད་ན། །

རྗེས་འགྱོད་སྐྱེ་བའི་གནས་ལ་སུན་པ་ཡོང་བས། །

ངེས་ཤེས་སེམས་ཐག་ཆོད་ཅིག་རིགས་བཟང་མཁའ་འགྲོ། །

ཕྱི་ཡི་ཆས་ལུགས་མཛེས་པ་གནས་སྐབས་ཙམ་མོ། །

ནང་གི་ལྟ་སྤྱོད་ལེགས་པ་མི་ཚེའི་དགོས་དོན། །

ཡུན་ཐུང་བདེ་སྐྱིད་ཙམ་ལ་མ་ཆགས་གནང་ནས། །

མི་ཚེའི་སྙིང་པོར་འབོད་ཅིག་སེམས་ཀྱི་འཁྲི་ཤིང་། །

སྐད་སྙན་རྣ་བའི་བགོ་སྐལ་བཞག་པས་མི་ཕན། །

ཐོས་དོན་ཉམས་སུ་མ་བླངས་སྒོམ་དོན་མི་སྐྱེ། །

ཞི་ལྷག་རྒྱུད་ལ་སྐྱེ་ན་རྣལ་འབྱོར་ཡིན་པས། །

དྲན་ཤེས་བག་ཡོད་མཛོད་ཅིག་སྙིང་གི་གྲོགས་མོ། །

སྐྱེ་གཟུགས་ཡག་མཛེས་སྡུག་པ་སྔར་གྱི་བསོད་ནམས། །

སྐྱེས་སྦྱང་ལང་ཚོ་ལྡན་པ་དོན་གྱི་སྙིང་པོ། །

སྒོ་གསུམ་ཆོས་མཐུན་གནང་བ་ལག་ལེན་དམ་པ། །

ཡ་རབས་སྤྱོད་བཟང་མི་ཚེའི་སྙིང་གི་ནོར་བུ། །

གཞན་བཤད་གཡོ་རྫུན་རྐྱང་རྐྱང་མིན་པར་སྣང་ཡང་། །

རང་བསམ་དྲང་བདེན་རྐྱང་རྐྱང་མིན་པར་འགྱུར་ཡང་། །

འདི་ཕྱིའི་བདེ་སྐྱིད་བརླགས་པའི་ཉེན་ཁ་འདུག་ན། །

མི་ངན་རྒྱ་བོད་དབྱིན་རིགས་གསར་འགྲོགས་མ་སྔ། །

བརྩེ་བའི་སྙིང་གཏམ་ཚང་མ་ཁྱེད་ལ་བཤད་ཡོད། །

བརྩེ་དུང་སྨྲས་པ་བྱིས་པའི་རྩེད་མོ་མ་ཡིན། །

བརྩེ་དུང་ནད་ཀྱིས་འཆི་བ་གྲངས་ཀྱི་མི་ཆོད། །

སྙིང་གཏམ་ཅི་ཤེས་སྙིང་གི་དཀྱིལ་ནས་ཞུས་ཡོད། །

་་་་་་་་་་་་་་་་

ཐམས་ཅད་གཞན་གྱི་ངག་ལ་ཉན་རྒྱུ་མེད་མོད། །

ཐམས་ཅད་ཅལ་འདྲོག་རྗེས་སུ་རྒྱུགས་རྒྱུ་མེད་མོད། །

ཐམས་ཅད་བརྟག་དཔྱད་རིགས་པ་ཚད་ལྡན་གྱིས་ལ། །

བྱ་བ་ཀུན་ལ་འགྱོད་མེད་གནང་བར་མཛོད་ཅིག །

རང་འདོད་གཅིག་པུ་བསམ་ནས་འཁོར་བ་མ་སྒྲུབ། །

བདག་དོན་ཁོ་ན་གཉེར་བའི་ཉན་ཐོས་མ་རེ། །

ཀུན་ལ་ཕན་བདེ་བལྟ་བའི་བྱང་སེམས་ཡོད་ན། །

གསང་ཆེན་དམ་པའི་སྙིང་ནོར་ལག་ཏུ་ལོན་ངེས། །

ཁྱད་པར་ཆོས་ཀུན་སྟོང་ཉིད་ཤེས་པའི་ལྟ་བ། །

དེས་རྩལ་འགགས་མེད་བདེ་ཆེན་ཡེ་ཤེས་སྒོམ་པ། །

དབྱེར་མེད་རིག་སྟོང་དོན་གྱི་རྫོགས་ཆེན་སྨིན་གྲོལ། །

གོ་མྱོང་རྟོགས་པའི་ཡོན་ཏན་ལྡན་པར་མཛོད་ཅིག །

ལྟ་བ་ཀློང་ཆེན་རབ་འབྱམས་མཐོང་བར་མཛོད་ཅིག །

སྒོམ་པ་མཁྱེན་བརྩེ་འོད་ཟེར་གོམས་པར་མཛོད་ཅིག །

སྤྱོད་པ་རྒྱལ་བུ་མྱུ་གུ་འཁྲུངས་བར་མཛོད་ཅིག །

འབྲས་བུ་ཀུན་བཟང་རྒྱལ་ས་ཟིན་པར་མཛོད་ཅིག །

བླ་མ་མཐོང་ན་གདམས་ངག་འདི་ཀ་ཡིན་ནོ། །

ཡི་དམ་མཇལ་ན་ཐུགས་དམ་འདི་ཀ་ཡིན་ནོ། །

མཁའ་འགྲོ་ཁྱེད་ལ་སྙིང་གཏམ་འདི་ཀ་ཡིན་ནོ། །

ཆོས་སྐྱོང་སྲུང་མས་དུས་ཀུན་སྲུང་བར་མཛོད་ཅིག །

རང་གཉིས་འདི་ནས་སྐྱེ་བ་ཚེ་རབས་ཀུན་ཏུ། །

བྱམས་བརྩེ་དགའ་དུང་རྒྱུན་ཆད་གཏན་ནས་མེད་པར། །

བདེ་ཆེན་དོན་གྱི་ཡེ་ཤེས་རྟག་བརྟན་ངང་ནས། །

རྫོགས་ཆེན་བསྟན་པ་འཛིན་སྐྱོང་སྤེལ་བར་སྨོན་ནོ། །

ཞེས་པ་འདི་ནི་རབ་རྒྱན་ཆུ་འབྲུག་ས་ག་ཟླ་བའི་ཉ་ལ་ཚེ་རབས་ལས་འབྲས་ཞིག་གམ་སྙིང་ནས་བརྩེ་དུང་གི་དམ་ཚིག་ཟབ་རྒྱས་འབྲེལ་བའི་དཀར་མཛེས་བོད་ཡིག་སློབ་ཆེན་གྱི་སློབ་མ་བདེ་གཡང་ངམ་མཁའ་འགྲོ་བདེ་ཆེན་དབང་མོ་ཉིད་དྲན་བཞིན་དུ་ཕན་སེམས་རྣམ་པར་དག་པས་དབྱིན་ཡུལ་ཝ་ཡེལ་རི་རྩེ་ནས་གང་དྲན་བཅོས་བསྒྱུར་མེད་པར་ཤྲྰིས་གུས་པས་ཕུལ་བས་དོན་དང་ལྡན་པར་གྱུར་ཅིག ། ཤྲྰིཿསརྦ་ལོ་ཀ་བི་ཛ་ཡནྟུ། །