༄༅། །ཨ་འགྱུར་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ཀྱི་ཞབས་བརྟན་འཆི་མེད་

གྲུབ་པའི་སྒྲ་དབྱངས།

ན་མོ་གུ་རུ་པུཎྱེ་ཛྙྰ་ན་ས་ཏྭ་ཡེ། །

ཕྱོགས་དུས་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་མཆོག །

རབ་འབྱམས་རྩ་གསུམ་རྒྱལ་ཀུན་ཚེ་ཡི་ལྷ། །

ཕྱི་ནང་གསང་བའི་བར་ཆད་བསལ་མཛད་པའི། །

ཆོས་སྐྱོང་བསྟན་སྲུང་དམ་པ་བདག་ལ་དགོངས། །

ཆོས་དབྱིངས་དེ་ཉིད་རིག་པ་ཀུན་ཏུ་བཟང་། །

ཆོས་ཅན་རྟེན་འབྲེལ་དག་སྣང་ལོངས་སྤྱོད་རྫོགས། །

ཨ་འགྱུར་སྤྲུལ་པའི་སྐུ་མཆོག་རིན་པོ་ཆེ། །

སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག །

རྒྱལ་བསྟན་རིན་ཆེན་བཤད་སྒྲུབ་དམ་པས་འཛིན། །

གངས་ཅན་ཕན་བདེའི་དཔལ་སྟེར་ཆོས་སྐྱོང་ཆེ། །

སྐྱེ་དགུའི་ཚེ་བསོད་སྤེལ་མཛད་དགེ་བའི་བཤེས། །

མཆོག་སྤྲུལ་ཐུབ་བསྟན་སྙན་གྲགས་ཞབས་བརྟན་ཤོག །

གངས་དཀར་རི་བོས་མཛེས་པའི་ཞིང་ཁམས་སུ། །

ཐུབ་བསྟན་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངས། །

མདོ་སྔགས་ཤེས་རིག་གཏེར་མཛོད་ལེགས་འཆང་བའི། །

རྫོགས་ཆེན་བསྟན་པའི་བདག་པོ་ཞབས་བརྟན་ཤོག །

སོ་ཐར་ངེས་འབྱུང་རྣམ་དག་རྗེ་བཙུན་པ། །

བྱང་སེམས་དེ་ཉིད་འཁྲུངས་པའི་སེམས་དཔའ་ཆེ། །།

གསང་ཆེན་དག་མཉམ་རྟོགས་པའི་བླ་མ་རྗེ། །

ཨ་འགྱུར་བསྟན་པའི་སྒྲོན་མེ་ཞབས་བརྟན་ཤོག །

ཐུགས་རྗེ་ཆེན་པོ་ཕྱག་ན་པད་དཀར་འཆང་། །

མཁྱེན་རབ་དབང་ཕྱུག་འཇམ་དཔལ་དཔའ་བོ་དང་། །

མཐུ་སྟོབས་ནུས་པའི་མངའ་བདག་རྡོ་རྗེ་འཛིན། །

རིགས་གསུམ་སྤྲུལ་བའི་སྐུ་མཆོག་ཞབས་བརྟན་ཤོག།

བདག་གི་ལྷག་བསམ་དག་པའི་དགེ་བ་འདིས། །

རྩ་བརྒྱུད་བླ་མའི་བྱིན་རླབས་ནུས་སྟོབས་སྩོལ། །

ཡི་དམ་ལྷ་ཚོགས་ཐུགས་བསྐྱེད་དངོས་གྲུབ་གནང་། །

མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཞབས་བརྟན་གསོལ། །

ཞེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་དབོ་ཟླའི་གནམ་གང་ཉིན་ལ་ཨ་འགྱུར་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་བྱུང་བའི་མོད་ལ་བཅོས་མིན་སྙིང་གི་གྲོགས་པོ་ལ་སྐུ་ཚེའི་བར་ཆད་བསལ་བའི་ཆེད་དུ་རྩ་གསུམ་དམ་ཅན་རབ་འབྱམས་རྒྱ་མཚོ་ལ་ཐུགས་དམ་རྒྱུད་བསྐུལ་གྱི་ཞབས་བརྟན་སྨོན་ཚིག་ཏུ་མཁན་ཆེན་བླ་མའམ་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་ཨེ་ཝྃ་ཚེ་སྒྲུབ་ཁང་དུ་སྙིང་ནས་གསོལ ་བ་འདེབས་པ་དགེའོ། །ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །