༄༅། །ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བར་ཆད་ཀུན་སེལ། །

ཨེ་མ་ཧོཿ

དུས་གསུམ་སངས་རྒྱས་ཀུན་དངོས་ཨོ་རྒྱན་རྗེ། །

མཁྱེན་བརྩེའི་ནུས་པའི་ཡོན་ཏན་ཀུན་འདུས་དཔལ། །

གསང་ཆེན་བསྟན་པའི་ཤིང་རྟ་རིན་པོ་ཆེ། །

ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །

ཆོས་ཀུན་དེ་ཉིད་རྟོགས་པར་བྱིན་གྱིས་རློབས། །

རྒྱལ་དང་རྒྱལ་བའི་སྲས་ཀྱི་ཐུགས་བསྐྱེད་ལས། །

མཚུངས་མེད་རྒྱལ་བསྟན་སྤེལ་མཛད་འགྲོ་བའི་མགོན། །

སྙིགས་མའི་སྐྱབས་གནས་རྒྱ་མཚོའི་སྤྱི་དཔལ་མཆོག །

ཨོ་རྒྱན་པདྨ་རྒྱལ་པོ་ལ་གསོལ་བ་འདེབས། །

རང་བྱུང་རང་རིག་རྟོགས་པར་བྱིན་གྱིས་རློབས། །

ཁམས་གསུམ་སེམས་ཅན་བདེ་ཆེན་གནས་ལ་བཀོད། །

བསྟན་པའི་མངའ་བདག་གུ་རུ་ཆོས་ཀྱི་རྗེ། །

མཚན་ཙམ་ཐོས་པས་འཁྲུལ་སྣང་མུན་སེལ་བ། །

ཨོ་རྒྱན་ཉི་མ་འོད་ཟེར་ལ་གསོལ་བ་འདེབས། །

མ་རིག་རྨོངས་པ་སེལ་བར་བྱིན་གྱིས་རློབས། །

སྐུ་གཅིག་མཚན་བརྒྱད་ཐེག་དགུའི་ཆོས་འཁོར་བསྐོར། །

ཁམས་དབང་མོས་པའི་འགྲོ་ཁམས་སྨིན་གྲོལ་བསྩལ། །

སྒྲིབ་བྲལ་གདོད་མའི་རང་བྱུང་སྤྲུལ་པའི་སྐུ། །

ཨོ་རྒྱན་པདྨ་སཾ་བྷ་ལ་གསོལ་བ་འདེབས། །

ཡང་དག་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །

སྣང་སྲིད་རྣམ་དག་རྒྱལ་བའི་དཀྱིལ་འཁོར་དུ། །

ཡེ་སངས་རྒྱས་པའི་བདེ་ཆེན་ལོངས་སྤྱོད་རྫོགས། །

བདུད་དང་མུ་སྟེགས་དམ་སྲི་འདུལ་མཛད་པ། །

ཨོ་རྒྱན་རྡོ་རྗེ་གྲོ་ལོད་ལ་གསོལ་བ་འདེབས། །

བདུད་བཞིའི་བར་ཆད་ཞི་བར་བྱིན་གྱིས་རློབས། །

དཔལ་ལྡན་ཚོགས་གཉིས་རྫོགས་པ་མཐར་ཕྱིན་ནས། །

རང་གཞན་དོན་གཉིས་ཕན་བདེའི་ལེགས་བཤད་གཏེར། །

རིགས་དྲུག་ཀུན་ལ་ཆོས་སྒྲ་སྒྲོག་མཛད་པ། །

ཨོ་རྒྱན་སེངྒེ་སྒྲ་སྒྲོག་ལ་གསོལ་བ་འདེབས། །

དམ་པའི་ཆོས་སྦྱིན་ནུས་པར་བྱིན་གྱིས་རློབས། །

ཆོས་དབྱིངས་མཉམ་ཉིད་ཆོས་སྐུའི་དགོངས་པའི་དོན། །

མ་ལུས་ཡོངས་སུ་གཟིགས་པའི་རྒྱལ་བ་མཆོག །

ཤེས་བྱ་ཐམས་ཅད་མཁྱེན་མཛད་གུ་རུ་རྗེ། །

ཨོ་རྒྱན་བློ་ལྡན་མཆོག་སྲེད་ལ་གསོལ་བ་འདེབས། །

སྣང་སྲིད་དག་མཉམ་མཐོང་པར་བྱིན་གྱིས་རློབས། །

ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །

ལྷུན་གྲུབ་འོད་གསལ་སྙིང་པོ་རྡོ་རྗེ་སེམས། །

ཟུང་འཇུག་གཏེར་ཆེན་གུ་རུ་རིན་པོ་ཆེ། །

ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ལ་གསོལ་བ་འདེབས། །

བསྟན་འགྲོའི་དོན་ཆེན་མྱུར་འགྲུབ་བྱིན་གྱིས་རློབས། །

ཨོཾ་ཨྰཿཧྰུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྰུྃ། །

ཞེས་པ་རབ་རྒྱན་ཆུ་འབྲུག་ཆུ་སྟོད་ཡར་ངོའི་ཚེས་བཅུ་ཉིན་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་ཀུན་དགའ་ར་བའི་ནང་ནས་གང་དྲན་དུ་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་གསོལ་བ་འདེབས་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ། །ཤྲྰིཿསརྦ་ལོ་ཀ་སུ་ཁ་བི་ཛ་ཡནྟུ།