ཀུན་དགའ་དོན་གྲུབ། རང་གཞན་ཀུན་ཕུང་།

ཚེ་སྲུང་ནས

འདི་ཡོད་པའི་ཉིན་མོ། གྲོགས་པོ་ཚང་མ་གཡས་རུབ་གཡོན་རུབ་ཀྱིས་ཇ་འདྲེན་དང་འཆང་འདྲེན་བྱེད། གྲོགས་མོ་ཚང་མ་གཡས་རྒྱུག་གཡོན་རྒྱུག་གིས་སྒེག་ཉམས་དང་བརྩེ་སེམས་སྟོན། དཔོན་པོ་རྣམས་ཀྱིས་བདག་རྐྱེན་དང་ཐོབ་ཐང་སྟེར། བླ་མ་རྣམས་ཀྱིས་དགྱེས་ཚོར་དང་སྐུ་རིམ་གནང་། འདི་ཡོད་ཉིན་མོ། མགྲོན་ཁང་རྣམས་ཀྱིས་གང་སྐྱིད་གང་གཙང་གི་ཁང་སྒོ་འབྱེད། ཟས་ཁང་རྣམས་ཀྱིས་གང་ཞིམ་གང་མངར་གྱི་གསོལ་སྟོན་འདྲེན། གཉེན་ཉེ་རྣམས་ཀྱིས་ཧབ་ཐོབ་བྱས་ནས་མགྲོན་དུ་འབོད། ངོ་ཤེས་བ་རྣམས་ཀྱིས་མི་འདོར་་ཞིང་མི་ཤེས་མཁན་ཚོས་ཤེས་ཐབས་བྱེད། འདི་ཡོད་ཉིན་མོ་། ཤེས་རྒྱ་མཐོང་རྒྱ་མེད་ཀྱང་དཔོན་པོར་འགྱུར། སྡོམ་པ་དམ་ཚིག་མེད་ཀྱང་བླ་མར་འགྱུར། ཁྲིམས་མཐུན་ལག་ཁྱེར་མེད་ཀྱང་རྒྱལ་མཚམས་བརྒལ། གཟུགས་ངན་ན་ཚོད་རྒས་ཀྱང་བཟའ་ཟླ་རྙེད། ཁྲེལ་གཞུང་ངོ་ཚ་མེད་ཀྱང་གྲོགས་པོ་མང་། འདི་ཡོད་ཉིན་མོ། རྩ་ཁྲིམས་དང་། སྒྲིག་ཁྲིམས། བཅའ་ཁྲིམས། ཆོས་ཁྲིམས་སོགས་ཁྲིམས་གཅིག་ཀྱང་བསྲུང་མི་དགོས།འདི་ཡོད་ཉིན་མོ། རྒས་འཁོགས་ཡིན་ན་ཀུན་གྱིས་གཅེས་སྙེར་བྱེད། བྱིས་པ་ཡིན་ན་ཀུན་གྱིས་བྱམས་སྐྱོང་བྱེད། ནད་པ་་ཡིན་ན་ཀུན་གྱིས་ནད་གཡོག་རྒྱུགས། ཆོས་པ་ལ་ཡོད་ན་ཀུན་གྱིས་དད་བཀུར་བྱེད།