ཀླུ་གྲུབ་གཉིས་པ་ཀླུ་སྨྱོན་ཧེ་རུ་ཀ་ལ་བསྔགས་པ་དབྱངས་གསལ་རིན་ཆེན་ཕྲེང་བ་ཞེས་བྱ་བ། །





ན་མོ་མ་ཧྰ་གུ་རུ་ནྰ་ག་ཛུ་ན་ཧེ་རུ་ཀ་ཡེ། །

འཕགས་པའི་ཡུལ་དུ་ཀླུ་སྒྲུབ་སྙིང་པོའི་གར། །

གངས་རིའི་ལྗོངས་སུ་ཀླུ་སྨྱོན་ཧེ་རུ་ཀ །

རྟེན་འབྲེལ་གནད་ལ་དབང་བའི་རྡོ་རྗེ་འཛིན། །

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་གྱུར་ཅིག །



ཀ་དག་སྟོང་པའི་ཆོས་ཀུན་རང་བཞིན་རྟོགས། །

ཁ་སྦྱོར་གསང་བའི་བདེན་པར་བརྗེན་གཅེར་གསུང་། །

ག་བུར་དབང་པོའི་གཤིས་ལྟར་ཡིད་འོང་དཔལ། །

ང་ཡི་ཆོས་མཆེད་དམ་པར་རྒྱལ་གྱུར་ཅིག །



ཅ་ཅོའི་སྨྲ་བ་སྙན་པའི་ངག་ཏུ་དག །

ཆ་ལུགས་སྣ་ཚོགས་གྲུབ་པའི་རྟུལ་ཞུགས་རྫོགས། །

ཇ་ཆང་འདོད་ཡོན་ཚོགས་ཀྱི་འཁོར་ལོར་སྨིན། །

ཉ་གང་ཟླ་ལྟར་ཡེ་ཤེས་རྒྱལ་གྱུར་ཅིག །



ཏ་ཐྰ་ག་ཏའི་བསྟན་པའི་ལུང་རྟོགས་འཛིན། །

ཐ་སྙད་རིག་པའི་ཕྱག་རྩོམ་རྒྱུན་དུ་སྐྱོང་། །

ད་ལྟའི་སེམས་ཅན་མགོན་གྱུར་ཧེ་རུ་ཀ །

ནྰ་ག་ཛུ་ན་གཉིས་པར་རྒྱལ་གྱུར་ཅིག །



པ་ར་མི་ཏའི་ཕྱིན་དྲུག་སྤྱོད་པར་འཇུག །

ཕ་མ་གཉིས་མེད་རྒྱུད་སྡེའི་གསང་བས་གྲོལ། །

བ་ལུའི་དྲི་བཟང་ལྷན་སྐྱེས་མངའ་བ་ལྟར། །

མ་ལུས་འགྲོ་མགོན་ཀླུ་སྒྲུབ་གཉིས་པར་རྒྱལ། །



ཙ་རུར་མཇལ་ན་མ་འདྲིས་མཛའ་བཤེས་མཆོག །

ཚ་སྲེག་སྡང་ཞུགས་དབེན་པའི་བྱམས་བརྩེའི་བདག །

ཛ་ཡའི་བསྟན་པར་བཤད་སྒྲུབ་ལེགས་མཛད་པའི། །

ཝ་གི་ཤྭ་རའི་རྣམ་སྤྲུལ་རྒྱལ་གྱུར་ཅིག །



ཞྭ་བཟང་པད་སྤུངས་བསྣམས་པའི་སྔ་འགྱུར་པ། །

ཟ་འོག་བེར་སྨུག་གསོལ་བའི་སྤྲུལ་པའི་སྐུ། །

འ་ཅག་འགྲོ་ཁམས་འདྲེན་པའི་དེད་དཔོན་མཆོག །

ཡ་མཚན་ཀུན་བཟང་བླ་མ་རྒྱལ་གྱུར་ཅིག །



ར་རུར་འཁོར་བའི་ཆོས་ལ་འཁྲུལ་བ་ཞིག །

ལ་རྒྱའི་བྱང་ཆུབ་སེམས་ལ་མངའ་དབང་འབྱོར། །

ཤ་ཆང་བདུད་རྩིར་རོལ་བའི་རྡོ་རྗེ་འཆང་། །

ས་ཐོབ་སེམས་དཔའ་ཆེན་པོ་རྒྱལ་གྱུར་ཅིག །



ཨ་རིག་ཡེ་སངས་རྒྱས་བའི་རྒྱལ་བ་དངོས། །

ཧ་ཅང་སྙིགས་མའི་དུས་ཀྱི་སྐྱབས་མགོན་མཆོག །

ཨི་ལྡན་དབྱངས་གསལ་གཏེར་ལ་དབང་འབྱོར་པའི། །

ཨུ་རྒྱན་རིག་འཛིན་བརྒྱུད་པའི་ཐུགས་སྲས་རྒྱལ། །

༡༠

ཨེ་མ་བསྟན་སྲིད་མཁྱེན་པའི་ཡེ་ཤེས་རྗེ། །

ཨོ་ཌི་ཡ་ནའི་བསྟན་པའི་རྒྱུད་འཛིན་པ། །

ཀླུ་སྒྲུབ་གཉིས་པ་ཁྲག་འཐུང་གླིང་པ་ཡི། །

ཕྲིན་ལས་རྒྱ་མཚོའི་དཔལ་ཡོན་རྒྱལ་གྱུར་ཅིག །

༡༡

རྟེན་འབྱུང་སྒྱུ་མའི་གནད་ལ་མངའ་དབང་འབྱོར། །

མ་རིག་ལས་ཉོན་མནར་བའི་སེམས་ཅན་ཕྱིར། །

མ་ལུས་འགྲོ་ཀུན་འདྲེན་པའི་ཐུགས་དམ་ཅན། །

ཀླུ་སྨྱོན་ཧེ་རུ་ཀ་དཔལ་རྒྱལ་གྱུར་ཅིག །

༡༢

སྡང་བའི་དགྲ་བགེགས་ཞི་འཛུམ་མདངས་ཀྱིས་བསུས། །

བྱམས་པའི་གཉེན་ལ་བློ་སྙིང་སྲོག་གསུམ་གཏད། །

ཆོས་དཔལ་རིག་ལམ་གནས་ལུགས་ལེགས་གཟིགས་པའི། །

མཁས་གྲུབ་ཧེ་རུ་ཀ་དཔལ་རྒྱལ་གྱུར་ཅིག །

༡༣

སྙིང་རྗེ་ཆེན་པོས་འགྲོ་ཁམས་དོང་ནས་སྤྲུགས། །

ཤེས་རབ་ཆེན་པོས་རྨོངས་མུན་ཀུན་ནས་བསལ། །

རྫོགས་པ་ཆེན་པོའི་རྣལ་འབྱོར་བྱ་བྲལ་བ། །

ཀླུ་སྒྲུབ་གཉིས་པའི་བཞེད་དོན་ལྷུན་གྲུབ་ཤོག །

ཅེས་པ་རབ་རྒྱན་ཆུ་སྦྲུལ་ས་ག་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་རྨི་ལམ་ཡ་མཚན་ཅན་དུ་མ་རྨིས་པའི་སྣང་འཆར་དང་ཁ་བརྡ་དྲ་བ་སོགས་སུ་ཀླུ་སྒྲུབ་གཉིས་པ་ནི་ཀླུ་སྨྱོན་ཧེ་རུ་ཀ་ལ་བརྗོད་ན་མི་འོས་པ་སོགས་ཟེར་བའི་རྐྱེན་བྱས་ནས་གང་དྲན་དུ་ཉི་ཤར་སྐབས་སུ་མགོན་པོ་གང་ཉིད་སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཏུ་རིག་འཛིན་ཨེ་མ་ཧོས་དབྱིན་ཡུ ལ་ཨེ་ཝྃ་རྫོགས་ཆེན་ཆོས་ཚོགས་ཁང་དུ་བྲིས་པར་དགེའོ། །