ཀླུ་སྒྲུབ་དགོངས་རྒྱན་ལས་འཕྲོས་པའི་དོགས་དཔྱོད།

མིག་བརྒྱད་པ།

སྤྱིར་ཐ་སྙད་ཚད་གྲུབ་འདོད་མིན་དང་དབུ་མ་བ་ལ་ཁས་ལེན་ཡོད་མེད་ཀྱི་གཏམ་འདི་མཁས་དབང་དགེ་འདུན་ཆོས་འཕེལ་ཁོ་ནས་བཤད་པ་ཞིག་མིན་པར། བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་དབུ་མ་རྩ་ཤེས་སོགས་ཐོག་མར་བོད་སྐད་ཐོག་བསྒྱུར་པ་ནས་བཟུང་དབུ་མའི་གཞུང་ལ་འཆད་ཉན་གྱི་སྲོལ་ཚུགས་ཤིང་། བསྟན་པ་ཕྱི་དར་གྱི་དུས་སུ་ལོ་ཙཱ་བ་ཆེན་པོ་པ་ཚབ་ཉི་མ་གྲགས་པས་རྒྱ་གར་ཁ་ཆེའི་ཡུལ་དུ་ཕེབས་ནས་པཎ་ཊི་ཏ་ཛ་ཡ་ཨནྣཏ་གཙོ་བོར་གྱུར་པའི་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་ལོ་ཉི་ཤུ་རྩ་གསུམ་རིང་སློབ་གཉེར་ལེགས་པར་མཛད་དེ་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་སོགས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་ཅིང་། དབུ་མ་འཇུག་པའི་བཤད་པ་བམ་པོ་བཅུ་གཅིག་པ་སོགས་རྒྱ་ཆེར་མཛད་པ་ལ་བརྟེན་ནས་དབུ་མའི་འཆད་ཉན་གྱི་སྲོལ་ལེགས་པར་ཚུགས་ཏེ་སློབ་མ་བུ་ཆེན་བཞི་སོགས་མང་དུ་བྱོན། སློབ་བརྒྱུད་དེ་དག་ལས་མཆེད་པ་ལ་ཐལ་འགྱུར་བའི་ལུགས་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད་པ་དང་པ་ཚབ་ཀྱི་སློབ་མ་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱིས་ཕྱྭ་བ་ཆོས་ཀྱི་སེངྒའི་ཞབས་ལ་གཏུགས་ནས་དབུ་ཚད་ཀྱི་གཞུང་ལ་ཆེད་དུ་སྦྱངས་ནས་དེ་དག་ལ་ནང་བྱན་ཆུད་པར་གྱུར། དབུ་མ་ལ་བརྟེན་ནས་སློབ་མ་མང་དུ་བསྐྱངས་པ་ལས་མཆེད་པའི་སློབ་བརྒྱུད་ལ་བུ་སྟོན་རིན་ཆེན་གྲུབ་དང་རེད་མདའ་བ་གཞོན་ནུ་བློ་གྲོས། ཡར་འབྲོག་པ་རིན་ཆེན་ཆེན་ཏོག །རྗེ་བཙུན་ཙོང་ཁ་པ་བློ་བཟང་གྲགས་པ་སོགས་བྱོན། ཞང་ཐང་ཟག་པ་ཡེ་ཤེས་འབྱུང་གནས་ཀྱིས་པ་ཚབ་ཉི་མ་གྲགས་པའི་ཞབས་ལ་གཏུགས་ཤིང་དབུ་མ་ ལ་མཁས་པར་སྦྱངས་ནས་དབུ་མ་འཇུག་པའི་ཊཱིཀྐ་དང་རིགས་པ་དྲུག་ཅུ་པའི་ཊཱིཀྐ །དབུ་མ་བཞི་བརྒྱ་པའི་ཊཱིཀྐ། དབུ་མ་རིན་ཆེན་ཕྲེང་པའི་ཊཱིཀྐ་སོགས་མཛད་དེ་དབུ་མའི་འཆད་ཉན་གྱི་ཁྲིད་རྒྱུན་ལེགས་པར་བསྐྱངས་པ་ལས་མཆེད་པའི་སློབ་བརྒྱུད་ལ་རོང་སྟོན་ཤེས་བྱ་ཀུན་ཁྱབ་དང་སྟག་ལོ་ཤེས་རབ་རིན་ཆེན་ཆེན། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན། གཽ་རམས་བསོད་ནམས་སེངྒེ་སོགས་བྱོན། མདོར་ན་ས་དགེ་དཀའ་རྙིང་རིས་སུ་མ་མཆིས་པའི་སྔོན་བྱོན་མཁས་པ་དེ་དག་གིས་ཟབ་མོ་དབུ་མའི་ལུགས་བཟང་དགག་བཞག་སྤོང་གསུམ་གྱི་སྒོ་ནས་གངས་ཅན་ལྗོངས་འདིར་དར་སྤེལ་མཛད་ཅིང་། ལྷག་པར་ལྟ་བ་ཀླུ་སྒྲུབ་ལ་ཁུངས་བཅོལ་བར་མཛད་ཀྱང་མང་པོ་ཞིག་ནི་པཎ་ཊི་ཏ་ཛ་ཡ་ཨནྣཏའི་རྗེས་སུ་འབྲངས་ཏེ་རྟགས་ཁྱབ་སོགས་གཞན་ངོ་ཁས་ལེན་ཙམ་ལས་རང་ལུགས་ལ་ཁས་ལེན་མེད་ཟེར་བ་སོགས་ལམ་རིམ་ཆེན་མོ་ན་གསལ་བ་དེ་ག་རང་རེད། དེའི་ཕྱིར་སྟོང་བ་ཉིད་ནི་རྟོགས་དཀའ་ཞིང་རྟོགས་ན་དོན་ཆེ་བ་དང་། འདི་ལ་ཐེ་ཚོམ་ཟོས་བ་ཙམ་གྱིས་ཀྱང་ཕན་ཡོན་རྒྱ་ཆེན་པོ་ཡོད་པར་གསུངས། །རྗེ་ཙོང་ཁ་བས་འཇམ་པའི་དབྱངས་ལ་ཟབ་མོ་དབུ་མའི་ལྟ་བ་རྙེད་པའི་ཕྱིར་ཡང་ཡང་གསོལ་འདེབས་པའི་སྐབས་ཤིག་ན། ཤེས་རབ་སྙིང་པོར། གཟུགས་སྟོང་པའོ། །ཞེས་སོགས་ཀྱི་སྟོང་ཉིད་བཞི་སྐོར་གྱི་དོན་ལ་ཐུགས་གཏད་པས། བོད་སྔ་རབས་ཀྱི་ལྟ་བ་ཅི་ཡང་ཡིད་ལ་བཟུང་དུ་མེད་པ་དེ་ཀ་ཐུགས་ལ་བདེ་བ་འདྲ་བ་ཞིག་བྱུང་སྟེ། ཐུགས་དེ་ཀའི་མུ་ལ་ཏིང་ངེ་འཛིན་དུ་སོང་ནས། ཚོགས་གྲོལ་ཚེ་གཞན་རྣམས་ཀྱིས་སློང་དགོས་པ་བྱུང་ནས། འཇམ་པའི་དབྱངས་ལ་ངའི་ལྟ་བ་འདི་ཐལ་རང་གང་གི་ལྟ་བར་འདུག་ཅེས་ཞུས་པས་གང་ཡང་མིན་གསུངས། འོ་ན་ཅི་འདྲ་ཞིག་བྱེད་དགོས་ཞུས་པས་ཐེག་པ་ཆེན་པོའི་གཞུང་ལ་ལྟ་རྟོག་གྱིས། དེའི་ནང་ནས་ཀླུ་སྒྲུབ་ཁོ་ན་ཐེག་ཆེན་གྱི་བསྟན་པ་འདི་ལ་དབང་དུ་གྱུར་པ། ཚད་མར་གྱུར་བ་ཡིན་པས་དེའི་གཞུང་རྣམས་དང་། ཟླ་བ་གྲགས་པ་འདི་སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་འདས་པའི་ཞིང་གཅིག་ནས་ཀླུ་སྒྲུབ་ཀྱི་བསྟན་པ་འཛིན་པའི་ཕྱིར་སྐྱེ་བ་བཞེས་པ་ཡིན་པས། དེའི་གཞུང་ལ་དཔྱད་པ་ཞིབ་ཏུ་གྱིས་གསུངས། དེའི་ཕྱིར་རྗེའི་གསེར་ཕྲེང་སྔ་རྩོམ་ཡིན་པས་བོད་སྔ་རབས་པའི་ལྟ་བ་གཙོ་བོར་བཟུང་ཡོད་པར་དགེ་ལྡན་པའི་མཁས་གྲུབ་འགས་གསུངས། རྗེ་ཙོང་ཁ་བས་དེ་ལྟར་མཛད་ཀྱང་ལྟ་བ་མ་དགོངས་ནས། ད་ཅིས་ཀྱང་མངའ་བདག་མེ་ཏྲི་པ་དང་། སློབ་དཔོན་ཀླུ་བྱང་ཆུབ་སོགས་ད་ལྟ་རྒྱ་གར་ན་བཞུགས་ཡོད་པས་དེ་དག་གི་དྲུང་དུ་གཏུགས་ཏེ་ལྟ་བ་རྙེད་པ་ཞིག་མ་བྱས་པའི་ཐབས་མི་འདུག་དགོངས་ནས། ལྷོ་གྲོ་བོ་ལུང་དུ་ཕེབས་ཏེ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་ལ་ལམ་རིམ་གསན། དེའི་སྐབས་སུ་ལྷོ་བྲག་གྲུབ་ཆེན་གྱིས་ཕྱག་རྡོར་ལ་བློ་བཟང་གྲགས་པ་འདི་རྒྱ་གར་དུ་འགྲོ་བ་ངས་འགོག་མི་ནུས་པར་འདུག་པས་ཅི་བྱེད་ན་དགའ་ཞུས་པ་ལ་ཕྱག་རྡོར་གྱིས་ཁོང་རྒྱ་གར་ལ་ཕེབས་ན་རྡོ་རྗེ་གདན་གྱི་མཁན་པོ་ཡོང་ཞིང་། རྒྱ་གར་ལ་ཉི་མ་ཤར་བ་འདྲ་བ་འོང་། འོན་ཀྱང་སླར་འཁོར་མི་ནུས་པས་བོད་ཁམས་མུན་པའི་གླིང་དུ་འགྲོ །ལྟ་བའང་ཐུགས་དེ་ཙམ་གནང་མི་དགོས་མྱུར་དུ་རྟོགས་འོང་གསུངས་པ་ཁོང་གིས་རྗེ་ལ་ལན་བསྐྱར། དེའི་ཚེ་རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་དབྱངས་ལ་བདག་གཅིག་པུར་བསྒོམ་པ་དགའམ། འཁོར་རྣམས་ཁྲིད་པ་དགའ་ཞུས་པར་གཞན་རྣམས་ཞོག་ལ། འཁོར་དག་པ་རྣམ་བརྒྱད་ཁྲིད་གསུངས་པ་ལྟར་འོལ་ཁ་ཆོས་ལུང་དུ་བྱོན་ནས་ལྟུང་བཤགས་སོ་ལྔ་རེ་ལ་ཐུན་གཅིག་བྱས་པའི་ཐུན་བཞི་ཆག་མེད་མཛད་ཅིང་ཕྱག་འབུམ་སོ་ལྔ་འཚལ། རྡོ་ཡི་མཎྡལ་མཛད། འཚོ་བའང་ཤུག་པའི་འབྲུ་མ་གཏོགས་རྩམ་པ་གཏན་མི་བཞེས་པའི་ཚེ། སྦྱིན་བདག་རྣམས་ཀྱིས་ནན་གྱིས་གསོལ་ནས་ཅུང་ཟད་བཞེས་ནས་ཉིན་མཚན་མེད་པར་དཀའ་སྤྱད་མཛད། ཉིན་གཅིག་གི་མནལ་ལམ་དུ་སངས་རྒྱས་བསྐྱངས་ཡིན་ཟེར་བའི་བཙུན་པ་སྔོ་སེང་ངེ་བ་ཞིག་གིས་གླེགས་བམ་སྔོན་པོ་ཞིག་དབུ་ཐོག་ཏུ་བཞག་ནས་ལན་གསུམ་བྱིན་རླབ་བྱེད་པ་བྱུང་བས། དེའི་ཕྱི་ཉིན་རྒྱུས་མེད་པའི་གླ་བ་ཞིག་གིས་བུདྷ་པཱ་ལི་ཏི་དཔེ་ཁྱེར་བྱུང་ནས་འདི་ལ་གཟིགས་ཟེར་བས། དེའི་ནང་གི་རབ་བྱེད་བཅོ་བརྒྱད་པ་དང་དུས་བརྟགས་པའི་ཐད་ལ་ཞིབ་དཔྱོད་མཛད་པ་ན་བཏགས་ཡོད་མིང་རྐྱང་ཙམ་དང་། དེ་ལ་རྒྱུ་འབྲས་རྟེན་འབྱུང་གི་རྣམ་བཞག་འགལ་མེད་དུ་འཇོག་ཚུལ་ཐུགས་སུ་ཆུད་དེ་རྒྱལ་བ་ལ་ཤེས་ནས་དད་པ་ཐོབ་པས། བསྟོད་པ་ལེགས་བཤད་སྙིང་པོ་ཆུང་བའམ་རྟེན་འབྲེལ་བསྟོད་པ་འདི་མཛད་པ་ཡིན། བོད་སྔ་རབས་པའི་ལྟ་བའི་བཤད་སྲོལ་དེ་ལ་དགག་བྱ་ཁྱབ་ཆེ་བའི་སྐྱོན་དུ་གཟིགས་ཏེ་རྩ་འཇུག་གི་རྣམ་བཤད་གཉིས་དང་དྲང་ངེས་ལེས་བཤད་སྙིང་པོ། ལྷག་མཐོང་ཆེ་ཆུང་གཉིས་ཏེ་ལྟ་བའི་ལེགས་བཤད་ལྔ་མཛད་དེ་བོད་རང་གི་ལྟ་བའི་བཤད་སྲོལ་དང་མ་མཐུན་པས་དེ་ལ་བརྟེན་ནས་བོད་སྔ་རབས་པ་དང་ཕྱི་རབས་པའི་ལྟ་བའི་ཁྱད་པར་བྱུང་བ་དེ་འདྲ་རེད། བོད་སྔ་རབས་པ་དང་ཕྱི་རབས་པའི་ལྟ་བའི་ཁྱད་པར་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། བོད་སྔ་རབས་པའི་ལྟ་བ་ཞེས་པའི་རྒྱུ་མཚན་ག་རེ་རེད། དེ་ལ་ཁྱད་རྟགས་ག་རེ་ཡོད་ཟེར་ན། རྒྱ་གར་གྱི་རྒྱན་དྲུག་མཆོག་སོགས་གྲུབ་མཐའ་སྨྲ་བ་གང་གི་རྗེས་སུའང་མི་འབྲང་ཞིང་དེ་དག་གི་གཞུང་ལུགས་ཀྱི་ལྟ་ཚུལ་དང་ཡང་མི་མཐུན་པར་བོད་རང་གི་དབུ་མའི་ལྟ་བའི་བཤད་སྟངས་ཤིག་ལ་བོད་སྔ་རབས་པར་ངོས་འཛིན་གྱི་ཡོད། ཅེས་གསུངས་འདུག །བུ་སྟོན་རིན་པོ་ཆེས། བདེ་བར་གཤེགས་པའི་བཀའ་དང་བསྟན་བཅོས་ནས་གསུངས་པའི་མཚན་ཉིད་འགོད་མཁན་ནི་མི་གདའ། རང་རང་གི་མགོ་ཕུར་བའི་བསམ་མནོ་བཏང་ནས་མཚན་ཉིད་འགོད་པ་ཞིག་བོད་ན་དར་གདའ་བས། ཞེས་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལ་རྩལ་འདོན་མི་བྱེད་པར་རང་རང་གི་བསམ་མནོ་ལྟར་གྱི་ལྟ་དགོངས་དེ་ལ་བོད་སྔ་རབས་པ་དང་དེ་ལས་ལྡོག་པ་ལ་བོད་ཕྱི་རབས་པའི་ལྟ་བ་ཞེས་འདོགས་སྟངས་ཤིག་ཡོད། སྔ་རབས་པའི་ལུགས་འཛིན་སྟག་ལོ་ཤེས་རབ་རིན་ཆེན་གྱིས་གྲུབ་མཐའ་ཀུན་ཤེས་ལས། གང་དག་དཔལ་ལྡན་ཟླ་བའི་རྗེས་འབྲངས་ནས། །མ་དག་འཁྲུལ་པའི་སྣང་བ་ཚད་གྲུབ་ཏུ། །རིགས་པ་དུ་མས་དཔྱད་ནས་ཁས་ལེན་པ། །འདི་ལ་འགལ་བའི་ཁུར་ཆེན་འདི་ལྟར་ཡོད། །ཡུལ་ཀུན་རྫུན་དང་ཡུལ་ཅན་བསླུ་མེད་འགལ། །ཡུལ་དེར་འཁྲུལ་དང་དེ་ལ་ཚད་མ་འགལ། །རྗེས་དཔག་ཡོད་དང་སྒྲུབ་ངག་མེད་པ་འགལ། །མཐུན་སྣང་མེད་དང་ཆོས་ཅན་ཚད་གྲུབ་འགལ། །ཕྱི་དོན་ཚད་གྲུབ་རྡུལ་ཕྲན་ཆ་བཅས་འགལ། །རིགས་དྲུག་ཚད་མ་རྡོས་བཅས་ཚད་གྲུབ་འགལ། །སོགས་རྗེའི་ལྟ་བ་ལ་འགལ་ཁུར་བཅོ་བརྒྱད་ཕུལ་བ་ལ། དེ་ལའང་རྗེའི་སློབ་བརྒྱུད་སེ་ར་རྗེ་བཙུན་པ་དང་འཇམ་དབྱངས་དགའ་བློ། འཇམ་དབྱངས་བཞད་པ་སོགས་ཀྱིས་རྗེའི་ལྟ་བ་འཐད་ལྡན་དུ་སྒྲུབ་པའི་སྒོ་ནས་གཞན་ལུགས་མ་རྟོགས་ལོག་རྟོག་གི་སྐྱོན་གྱི་ཕུང་པོར་བཏང་ཡོད། པཎ་ཆེན་ཤཱཀྱ་མཆོག་ལྡན་ནས་དབུ་མ་ལ་འཇུག་པའི་དཀའ་བའི་གནས་འགའ་ཞིག་རྣམ་པར་བཤད་པ་ཀུ་མུད་ཕྲེང་མཛེས་ཞེས་པ་ལས། ཀུན་རྫོབ་བདེན་པ་འཇོག་བྱེད་ཀྱི་ཚད་མར་བཤད་པ་ཇི་སྙེད་པ་དེ་དག་དབུ་མ་པ་རང་གི་ལུགས་འཇོག་པ་ན་ཚད་མར་ཁས་བླང་དུ་མི་རུང་སྟེ། གལ་ཏེ་རུང་ན་རང་ལུགས་ཀྱི་ཚད་མས་གྲུབ་པའི་དོན་ལ་ཚད་མ་གོ་ཆོད་པོ་གཞན་གྱིས་གནོད་པར་ཐལ་བའི་ཕྱིར་རོ། །ཇི་སྐད་དུ།རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཅེས་གསུངས་སོ་ཞེས་དབུ་མ་པ་རང་གི་ལུགས་ལ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལྟ་ཞོག་རྣལ་འབྱོར་པའི་ཀུན་རྫོབ་ཙམ་ཡང་ཁས་ལེན་པ་མ་ཡིན་ཏེ། སྤྲོས་པའི་མཚན་མ་མཐའ་དག་འགོག་པའི་ཕྱིར་ཞེས་ཐལ་འགྱུར་བའི་ལུགས་ལ་ཐ་སྙད་ཚད་གྲུབ་མི་བཞེད་པ་དང་། འཇུ་མི་ཕམ་པའི་ངེས་ཤེས་སྒྲོན་མེར། ཀ་བ་ཀ་བས་མི་སྟོང་དང་། །ཆོས་ཉིད་ཀ་བས་སྟོང་ངོ་ཞེས། །སྟོང་གཞི་བཞག་ནས་གཞན་སྟོང་པ། །ཚིག་དང་དོན་གྱི་གཞན་སྟོང་གཉིས། །ཞེས་ཆོས་ཅན་ཀ་བ་མི་སྟོང་པར་ཆོས་ཉིད་ཀ་བའི་བདེན་གྲུབ་ཀྱིས་སྟོང་པ་ཞེས་པ་ནི་ཚིག་དང་དོན་གྱི་གཞན་སྟོང་དུ་གྱུར་འདུག་ཅེས་ཐ་སྙད་ཚད་གྲུབ་བཞེད་པ་ལ་སྐྱོན་བརྗོད་བྱས་ཡོད་ཅེས་ཁ་ཅིག་ཟེར་མོད། དགག་བྱ་ལ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་ཏེ་འགོག་པ་འདི་རང་རྒྱུད་པའི་སློབ་དཔོན་མཁས་པ་རྣམས་ཀྱི་ལུགས་ཡིན་པས་ཐལ་འགྱུར་པའི་ལུགས་ལའང་ཆོས་ཐམས་ཅད་འགོག་དགོས་པའི་དོན་ཨེ་ཡིན། དགོངས་རྒྱན་ལས། སྤྱིར་ཚད་མས་གྲུབ་པ་བྱ་བ་འདི་ཀུན་ཀུན་རྫོབ་ཀྱི་སྣང་བ་རགས་པ་རྣམས་ཕྲ་ཞིང་ཞིབ་ཏུ་བཏང་བའི་དགོས་པ་རྒྱ་ཆེན་པོ་འདིའི་ཆེད་དུ་མཁས་པ་རྣམས་ཀྱིས་ཚུལ་གསུམ་གྱི་རིགས་པས་གྲུབ་པ་བྱ་བ་དང་དོན་གཅིག་ཅིང་། དོན་ལ་ཀུན་བཏགས་ཀྱི་མ་རིག་པའི་ཡུལ་གྱི་ཁྱད་པར་འགའ་ཞིག་དགོས་པ་རྒྱ་ཆེན་པོའི་དོན་དུ་མཁས་པ་རྣམས་ཀྱི་རྟོག་གེའི་རིགས་པས་ཆེས་གསལ་དུ་བཏང་བ་ཞིག་འདུག་ལ། སྤྱིར་ཚད་གྲུབ་བྱ་བ་དང་། ཡིད་ཆེས་པ། བསླུ་མེད། བསྙོན་མེད་སོགས་རྟོག་གེའི་རིགས་པས་སྣོན་པ་བཏབ་མ་བཏབ་ཙམ་གྱི་ཁྱད་པར་ལས། རིགས་དྲུག་ཀུན་གྱི་རྒྱུད་ལ་རང་བྱུང་དུ་ཡོད་པའི་ཀུན་རྫོབ་ཀྱི་རྣམ་ཤེས་འདི་ཁ་ཕྱོགས་བསྒྱུར་ལུགས་ཀྱིས་སྣང་བ་ཙམ་ལས་གཞན་དུ་མེད་ཅིང་། བུ་ཡི་ལག་པ་མེ་དང་ཕྲད་ན་ཨ་ཚ་ཚ་ཟེར་བ་དེ།བསླུ་མེད། བསྙོན་མེད་ཁས་ལེན་པ་སོགས་ཡིན་ལ།ཕ་ཡིས་མེ་ཚ་བ་ཡིན། ལག་པ་ཤ་ཡིན་པས་མེ་ལ་ཐུག་ན་ཅི་ལ་མི་ཚ་ཞེས་རྒྱུ་མཚན་དང་སྦྱར་བ་དེ་ཐ་སྙད་ཚད་གྲུབ་འཇོག་སྟངས་ཤིག་ཡིན་པས། ཐ་སྙད་ཚད་མ་དེ་མེད་ཟེར་ལུགས་ཤིག་གང་ན་ཡོད། དགོངས་རྒྱན་དུ། སེང་གེའི་དཔང་པོ་སྟག སྟག་གི་དཔང་པོ་གཡག །དེའི་དཔང་པོ་ལ་ཁྱི། ཁྱི་ཡི་དཔང་པོ་ལ་བྱི་བ། བྱི་བའི་དཔང་པོ་ལ་འབུ་བཙུགས་འདུག་པའི་དཔེ་དེས་སོ་སོ་སྐྱེ་བོའི་བློ་ལ་ཡིད་ བརྟན་མེད་པ་བསྟན་གྱི་ཚད་གྲུབ་མེད་པར་བསྟན་པ་མི་འགྲུབ་པོ། །།རིགས་པའི་དགག་བྱ་ལ་ཁ་ནས་ཁྱད་ཅི་ཙམ་ཕྱེ་ཡང་དོན་ལ་འགོག་རྒྱུ་དེ་བུམ་པ་འགོག་དགོས། ཀ་བ་འགོག་དགོས། ཡོད་པ་འགོག་དགོས། མེད་པ་འགོག་དགོས་ཀྱི། བུམ་པ་བཞག་ནས་བུམ་པ་བདེན་གྲུབ་བྱ་བ་ཞིག་ཟུར་དུ་འགོག་རྒྱུ་ག་ལ་ཡོད། ཚུལ་འདི་ནི་སྔ་རབས་པའི་མཁས་པ་རྣམས་སུ་མ་ཟད། དགེ་ལྡན་ཕྱོགས་ཀྱི་མཁས་གྲུབ་ཉམས་མྱོང་ཅན་ཚོས་ཀྱང་གསལ་བར་དགོངས་འདུག །ཞེས་པ་འདིས་ཆོས་ཅན་རྟེན་འབྲེལ་དང་བཅས་པ་དགག་དགོས་ཟེར་བ་འདྲ་བོ་ཞིག་འདུག་མོད། ང་ཚོ་ལ་སྣང་བ་ལྟར་གྱི་བུམ་པ་དེ་དགག་བྱ་ཡིན་ཡང་ང་ཚོ་ལ་སྣང་བའི་བུམ་པ་དེ་དགགག་བྱ་མིན་པའི་ཞིབ་ཆ་དགོས། ང་ཚོ་ལ་སྣང་བ་ལྟར་གྱི་བུམ་པ་དེ་རང་ངོས་ནས་གྲུབ་པའི་བུམ་པ་ཡིན་པའི་ཕྱིར། ང་ཚོ་ལ་སྣང་བའི་བུམ་པ་དེ་བུམ་པ་ཡིན་པའི་ཕྱིར། ཚད་མས་དམིགས་པའི་ཕྱིར། ཚད་གྲུབ་མེད་པའི་ལུགས་ལ་བུམ་པ་བདེན་པར་འཛིན་པའི་བདེན་འཛིན་ཞེས་སྦྱར་ན་བུམ་པ་བདེན་པར་གྲུབ་པ་དགག་བྱའི་ཟུར་དུ་སྦྱར་དགོས་པས་མི་རུང་ལ། དོན་དམ་ལ་དགག་བྱའི་ཁྱད་པར་མི་སྦྱོར་བར་ང་ཚོ་ལ་སྣང་བ་དེ་ག་རང་དགག་བྱ་ལ་བྱས་ནས་འཛིན་པ་ཡིན་ན་བདེན་འཛིན་ཡིན་མི་སྲིད། དགག་བྱ་ཁྱབ་ཆེ་བའི་སྐྱོན་ངོས་འཛིན་པ་ལ་དགེ་ཆོས་ཀྱིས་ལུང་རིགས་དཔེ་གསུམ་གྱིས་རྩལ་དུ་བཏོན་ནས་དཔྱད་པ་དེ་ཚོ་གལ་ཆེ་བར་མཐོང་། དགོངས་རྒྱན་དུ། ཁས་ལེན་མེད་པའི་ལྟ་བ་འདི་རྟོག་གེའི་རིགས་པའི་ནང་དུ་ཤོང་བའི་གནས་མེད་ཅེས་བ་དང་། དབུ་མ་པ་ལ་ཁས་ལེན་མེད་ཟེར་མཁན་དག་ལ། དགེ་བཤེས་ཤེར་རྒྱམ་གྱིས། མཉམ་བཞག་པས་ཁས་ལེན་མེད་པའི་ལུགས་འཛིན་པ་དང་། རྗེས་ཐོབ་པས་ཁས་ལེན་ཡོད་པའི་ལུགས་འཛིན་པ་ཡིན་ལ། ཁ་མི་གྲག་པ་ཁས་ལེན་མེད་པ་དང་། ཁ་གྲག་པ་ཁས་ལེན་ཡོད་པ་ཡིན་ན། མཉམ་བཞག་པ་ཡིན་ན་ཐལ་འགྱུར་བ་མ་ཡིན་པས་ཁྱབ་པ་དང་། དབུ་མ་པ་ཡང་མ་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་ཐལ་འགྱུར་བའི་གྲུབ་མཐའ་ཁས་མི་ལེན་པས་ཁྱབ་པའི་ཕྱིར། ཞེས་གསུངས་བ་ལ། དབུ་མ་པ་ལ་ཁས་ལེན་མེད་ཟེར་བ་རྣམས་ཀྱིས་ལན་ཇི་ལྟར་འདེབས། སྔོན་གྱི་ཆེན་པོ་རྣམས་ཀྱིས་ཁས་ལེན་མེད་གསུངས་པ་དང་ཕྱིས་ཀྱི་དབུ་མ་བས་ཁས་ལེན་ཡོད་གསུངས་པ་གཉིས་ངས་བལྟས་ན་དེ་གཉིས་ལ་འགལ་བ་གང་ཡང་མཐོང་གི་མི་འདུག །དགོངས་རྒྱན་དུ། རང་ཅག་གི་ནམ་རྒྱུན་གྱི་བློ་འདིའི་ཁྲོད་ན་ཡང་དག་པའི་རིགས་པ་ཞིག་ཡོད་ཚེ་འཁོར་བ་ཐོག་མེད་པ་ནས་བསྐལ་བ་གྲངས་མེད་ཀྱི་བར་དུ་གོམས་ཀྱང་ད་དུང་ཡར་སྐྱེད་འདི་ཙམ་ལས་མེད་པ་ངོ་མཚར། ཞེས་པ་རང་ཅག་གི་རྒྱུད་ལ་ཤེས་ཡོན་གྱི་ཡར་རྒྱས་མེད་པ་མ་ཡིན་མོད། ངར་འཛིན་ལྷན་སྐྱེས་ལ་གོམས་པའི་དབང་གིས་ཡར་འཕགས་པའི་སར་མ་འགྲོ་བ་ཅི་ཞིག་གིས་ལན་པ་རེད། འཇུག་པར། གང་དག་དུད་འགྲོ་བསྐལ་མང་བསྐྱལ་གྱུར་བ། །དེས་ཀྱང་མ་སྐྱེས་རྟགས་འདི་མ་མཐོང་ལ། །ཞེས་སོགས་ལྟར་གོ་བ་ལེན་སྟངས་ཤིག་ཡོད་ངེས། ངའོ་སྙམ་པའི་བློ་ཐམས་ཅད་བདག་འཛིན་ཡིན་ན་ཧ་ཅང་ཐལ། ང་མིའོ་སྙམ་པ་དང་། ང་དགེ་སློང་ངོ་སྙམ་པ་ཐམས་ཅད་བདག་འཛིན་དུ་ཐལ་བས་ལམ་གྱི་སྤང་བྱ་ཡིན་པར་འགྱུར། མངོན་སུམ་མ་ཡིན་པའི་རྟོག་བཅས་ཚད་མ་ཐམས་ཅད་ལ་ཡུལ་དེ་དང་དེའོ་སྙམ་པ་མི་བསླུ་བར་འཛིན་པ་ཡོད་པས་བདག་འཛིན་མིན། གཞན་ཡང་བྱང་སེམས་འཕགས་པའི་རྒྱུད་ན་ང་འཕགས་པའོ་སྙམ་པའི་བློ་མེད་པར་ཐལ། དེ་མེད་ན་འཕགས་པའི་གདགས་གཞི་མེད་པར་ཐལ་བའི་སྐྱོན་འབྱུང་ངོ། །ཉོན་མོངས་ལམ་གྱི་དགག་བྱ་ཡིན་མིན་ལ་དོན་དམ་པའི་ཁྱད་པར་སྦྱོར་མི་དགོས་ཏེ། དེ་ཐ་སྙད་དུ་ལམ་གྱི་དགག་བྱ་ཡིན་པའི་ཕྱིར། དགོངས་རྒྱན་དུ། རི་བོང་རྭ་དགག་པ་ན་དོན་དམ་པའི་ཁྱད་པར་སྦྱར་ག་ལ་དགོས། ཞེས་པའི་གནད་ལེགས་པོར་གོ་ན། རི་བོང་རྭ་དོན་དམ་དུ་མེད་པ་རྟོགས་ན་སྟོང་ཉིད་རྟོགས་མི་དགོས་པའི་ཕྱིར། དེ་ལྟར་མ་ཡིན་པར་རི་བོང་རྭ་དོན་དམ་དུ་མེད་པར་རྟོགས་པའི་བློ་ཡིན་ན་སྟོང་ཉིད་རྟོགས་པའི་བློ་ཡིན་དགོས་ན། གྲུབ་མཐའ་སྨྲ་བ་བཞི་ག་སྟོང་ཉིད་རྟོགས་པའི་གང་ཟག་དང་དབུ་མ་བ་ཡིན་དགོས། འཇམ་མགོན་མི་ཕམ་རིན་པོ་ཆེས། ཀུན་རྫོབ་རྣམས་རང་གི་ངོ་བོས་མི་སྟོང་བར་དགག་བྱ་ཡན་གར་བ་བདེན་གྲུབ་ཀྱིས་སྟོང་བར་བཞེད་པས་སྟོང་ཉིད་མ་ཡིན་དགག་ཏུ་སོང་ཞིང་། བདེན་གཉིས་འགལ་འདུར་འཛིན་པ་དངོས་སྨྲ་བའི་ལུགས་དབུགས་འབྱིན་པར་འགྱུར་བ་དང་། བུམ་པ་མི་དཔྱད་པར་བཞག་ནས་བུམ་པའི་བདེན་གྲུབ་ཡན་གར་བ་འགོག་ཚུལ་གྱི་རིགས་པ་ཤེར་མདོ་དང་དབུ་མའི་བསྟན་བཅོས་གང་ནས་ཀྱང་མ་བཤད་ལ། རིགས་པས་ཀྱང་སྒྲུབ་ཏུ་མེད་པ་བཞིན། བུམ་པ་བུམ་པས་མི་སྟོང་བདེན་གྲུབ་ཀྱིས་སྟོང་ཞེས་ཆོས་རང་རང་ངོ་བོ་ཉིད་ཀྱིས་སྟོང་ཞེས་མདོ་བསྟན་བཅོས་ཐམས་ཅད་ཀྱི་འཆད་ཚུལ་སྤངས་ནས་གཞན་སྟོང་ཁས་བླངས་པ་ལ། གོ་རྒྱུ་དང་ཤེས་རྒྱུ་ཅི་ཡང་མེད་དོ། །ཞེས་པ་བོད་ཕྱི་རབས་པའི་ལྟ་དགོངས་ལ་དགག་པ་གནང་བ་འདྲ་བོ་ཞིག་འདུག་སྟེ། ཞིབ་ཏུ་དཔྱད་ན་ལྕང་སྐྱས་དགག་བྱའི་ཉམས་འཆར་ཚུལ་ལིང་ལིང་བ་གསུངས་པ་དེ་དང་དོན་གཅིག་ཏུ་འབབ། རྒྱལ་བ་ཀློང་ཆེན་པའི་ཡིད་བཞིན་མཛོད་ལེའུ་ཉི་ཤུ་བ་ལས། གང་ལ་གནད་མེད་སྤྲོས་བྲལ་ཚིག་ཏུ་ཤོར། །རྟོག་པའི་བཟོ་རྒྱས་མཐའ་བྲལ་གདེངས་བཅས་ཏེ། །རྣམ་རྟོག་ཅི་སྐྱེས་སྐྱེ་འགག་གྲངས་འདེབས་ཀྱང་། །གནས་ལུགས་དོན་དང་རྒྱང་རིང་གནམ་ས་བཞིན། །ཞེས་པ་འདིས་རྙིང་མ་བའི་མཁས་པ་འགའ་ལ་གསུངས་པ་དང་། ཡང་ཡིད་བཞིན་མཛོད་གྱི་འགྲེལ་བ་ལས། རྒྱུ་མེད་འབྲས་བུ་མེད་ལ་སོགས་པ་བརྗོད་ན་རྒྱང་འཕེན་པ་ལྟར་ཆད་པར་ལྟ་བར་འགྱུར་ཏེ། འཁོར་བ་ཀུན་རྫོབ་པའི་ཆོས་རྣམས་ནི་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་སྒྱུ་མ་ལྟ་བུ་སྟེ། ངོ་བོ་མེད་པས་སྟོང་བ་ཡིན་ཡང་རྣམ་པ་སྣང་བ་དེ་རྟེན་འབྲེལ་གྱི་མཐུ་སྟེ། སྒྱུ་མའི་སྔགས་དང་རྫས་ལས་རྟ་གླང་དུ་སྣང་བ་བཞིན་ནོ། །ཞེས་པ་འདིས་ཐ་སྙད་ཚད་གྲུབ་བཞེད་པ་གསལ་བོར་བསྟན་འདུག །བརྒྱ་བའི་འགྲེལ་བ་ལས། ཁོ་བོ་ཅག་ནི་རང་བཞིན་འཚོལ་བ་ལྷུར་ལེན་གྱི། རྟེན་ཅིང་འབྲེལ་བ་འབྱུང་བ་བྱས་ཤིང་བསགས་པ་ནི་འགོག་པར་མི་བྱེད་དེ། ཞེས་དགག་བྱ་བདེན་གྲུབ་འགོག་གི་ཆོས་ཅན་རྟེན་འབྲེལ་མི་འགོག་པར་གསུངས། དགག་བྱ་ལ་བདེན་གྲུབ་ཀྱི་ཁྱད་པར་སྦྱོར་ཚུལ་སྟོན་པ་རང་ཉིད་ཀྱིས་གསུངས་པ་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་གསུངས་པས། རང་བཞིན་གྱིས་མ་སྐྱེས་པ་དང་མ་སྐྱེས་པ་ལ་ཁྱད་མེད་ན་དགོངས་གཞི་འཇོག་དོན་མེད་པའི་ཕྱིར། དབུ་མ་འཇུག་པ་ལས། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི།རྒྱུ་ལ་སོགས་དང་བདག་གཞན་གཉིས་ཀ་ལས། །དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ། །དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར། །ཞེས་མཐའ་བཞི་ལས་མི་སྐྱེ་བའི་རྒྱུ་མཚན་གྱིས་སྐྱེ་འགག་སོགས་ཀྱི་རྣམ་བཞག་ལྷག་པར་འཇོག་ཐུབ་པའི་གནད་གོ་ན་ཐ་སྙད་ཚད་གྲུབ་བསྙོན་མེད་དུ་འཇོག་ཐུབ་པ་ཡིན། དངོས་སྨྲ་བས། དོན་དམ་པར་མི་སྐྱེ་ཞེས་པ་དང་རྒྱུ་ལ་བརྟེན་ནས་སྐྱེ་ཞེས་པ་གཉིས་ནང་འགལ་དུ་མཐོང་བས། རྣམ་འགྲེལ་ལས། གལ་ཏེ་ཐམས་ཅད་ནུས་མེད་ན། །ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་གལ་ཏེ་ཀུན་རྫོབ། །འདོད་ན་ཅི་སྟེ་དེ་ལྟར་འགྱུར། །ཞེས་གལ་ཏེ་དོན་དམ་པར་འབྲས་བུ་བསྐྱེད་པའི་ནུས་པ་མེད་ན། ས་བོན་སོགས་ལ་མྱུ་གུ་བསྐྱེད་པའི་ནུས་པ་མཐོང་བའི་ཕྱིར།ཞེས་ཟེར་བ་ལྟར་དོན་དམ་པར་མི་སྐྱེ་བ་དང་རྒྱུ་ལ་བརྟེན་ནས་སྐྱེ་བ་གཉིས་འགལ་མེད་དུ་འཇོག་མི་ཤེས། དབུ་མ་བའི་ལུགས་ལ། དོན་དམ་པར་མེད་པས་མེད་གོ་མི་ཆོད། ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་ཟེར་བ་ལྟར། རི་བོང་རྭ་དོན་དམ་དུ་མེད་པས་རི་བོང་རྭ་མེད་པའི་གོ་ཆོད་དམ་མི་ཆོད་ཟེར་བ་ལ། དགེ་བཤེས་ཚང་གིས། རི་བོང་རྭ་དོན་དམ་དུ་མེད་པས་རི་བོང་རྭ་མེད་པའི་གོ་ཆོད་ཀྱང་མེད་པའི་གོ་མི་ཆོད་པའི་ཕྱིར། དེར་ཐལ། རི་བོང་རྭ་དོན་དམ་དུ་མེད་ན་རི་བོང་རྭ་མེད་པས་ཁྱབ་ལ་རི་བོང་རྭ་དོན་དམ་དུ་མེད་ན་མེད་པས་མ་ཁྱབ་པའི་ཕྱིར། ཟེར། གཞི་གཅིག་གི་སྟེང་དུ་བདེན་གཉིས་འགལ་མེད་དུ་འཇོག་ཚུལ་དཔལ་ལྡན་ཟླ་བ་གྲགས་པའི་ལུགས་ཐུན་མོང་མ་ཡིན་པ་དང་སྦྲང་རྩི་ལས་ལོགས་སུ་སྦྲང་རྩིའི་རོ་མེད་པ་ལྟར་གཟུགས་སོགས་ཆོས་ཐམས་ཅད་ཀྱི་སྟེང་དུ་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་གཉིས་རང་བཞིན་ལྷུན་འགྲུབ་ཏུ་ཡོད། དབུ་མ་འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་འཛིན་པར་འགྱུར། །ཞེས་པ་ལྟར་རོ། །དགེ་བཤེས་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ཀླུ་དགོངས་ཀྱི་བསམ་དོན་མ་མཁྱེན་པ་གང་ནས་ཡིན་མོད། །དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་བལྟས་ནས་ཐ་སྙད་ཚད་གྲུབ་འཇོག་པའི་ཚུལ་རྗེའི་རིང་ལུགས་གཞིར་བཞག་ནས་ཀླུ་དགོངས་ལ་དགག་ལན་མཛད་པ་དེ་གནད་དུ་སོང་ཡོད་པར་ཕྱིས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ལམ་རིམ་པ་དང་ལྷ་རམས་པ་རྡོ་རྗེ་འོད་འབར་སོགས་ཀྱིས་སློབ་ཁྲིད་སྐབས་སུ་ཡང་ཡང་གསུངས་ཡོད་པ་རེད། དེ་མིན་སྐབས་འདིར་དབུ་མ་ལ་མ་སྦྱངས་པ་ཁ་ཅིག་གིས་ཐ་སྙད་ཚད་གྲུབ་མེད་པ་ནི་དགེ་ཆོས་རང་གི་འདོད་པ་མཐར་ཐུག་དེ་རེད་ཟེར་བ་དང་། དགེ་ཆོས་ཀྱིས་རྗེ་རིན་པོ་ཆེའི་ཐ་སྙད་ཚད་གྲུབ་བཀག་སོང་ཟེར་བ་དང་། ཡང་ཅིག་གིས་ཀླུ་སྒྲུབ་དགོངས་རྒྱན་འཁྲུངས་ནས་ཤཱཀྱ་ཐུབ་པའི་ཕོར་བ་ཆག་སོང་ཟེར་བ་སོགས་ཁ་ནས་སྨྲ་བ་དང་ཡིག་ཐོག་ཏུ་འབྲི་བ་ཚང་མས་དགེ་ཆོས་ཀྱི་རྣམ་དཔྱོད་ལ་ཚོད་འཛིན་བྱེད་དུ་འདུག་སྟེ། དོན་དུ་ན་དགེ་ཆོས་རང་གི་བློ་སྤོབས་ལས་བྱུང་བའི་ཀླུ་སྒྲུབ་དགོངས་རྒྱན་ནི་ལུང་རིགས་དཔེ་གསུམ་གྱི་དོགས་སློང་ཞིག་ཡིན་པ་ལས་དགེ་ཆོས་ཀྱི་འདོད་པ་མཐར་ཐུག་དེ་ མིན། དེ་གང་ལས་ཤེས་ཞེ་ན། །དགེ་ཆོས་སྐུ་གཤེགས་ཁར་རྟེན་འབྲེལ་བསྟོད་པ་གསུང་ཞོར་དགོངས་པ་རྫོགས་པ་རེད། མི་ཞིག་ལ་མཚོན་ན་འཆི་ཁའི་གཏམ་ཞེས་པ་ལྟར་རྩ་ཆེན་པོ་ལོས་འཛིན། ཟླ་བ་བཟང་པོས་རག་ར་ལ་བསྐུར་བའི་ཡི་གེའི་ནང་། གཤེགས་ཁའི་མཐའ་མར་རྟེན་འབྲེལ་བསྟོད་པ་ཞིག་མཉམ་དུ་བཏོན་གསུངས་ནས། རྟེན་འབྲེལ་བསྟོད་པ་གསུངས་བཞིན་པའི་མུར་ཞི་བའི་དབྱིངས་སུ་གཤེགས་སོང་། ཞེས་པ་འདི་རག་རས་དགེ་ཆོས་ཀྱི་ལོ་རྒྱུས་སུ་དྲངས་འདུག །རག་རས་འདི་ལྟར། གང་ལྟར་བླ་དགེ་མང་པོ་ཐུགས་འཁྲུག་ཡུལ་གྱི་ཨ་མདོ་བ་དགེ་འདུན་ཆོས་འཕེལ་ནི། རྗེ་བླ་མའི་གསུང་བཟང་གསུང་གི་སྙིང་པོ་དམ་པ། སྟོན་པ་ཐུགས་རྗེ་ཅན་ལ་རྟེན་ཅིང་འབྲེལ་བར་འབྱུང་པའི་སྒོ་ནས་བསྟོད་པའི་ཚངས་ པའི་དབྱངས་དེ་གསུངས་བཞིན་དུ་གཤེགས་འདུག་པས། ཡར་ལ་ཕེབས་ནས་ཡིད་དགའ་ཆོས་འཛིན་ནས་ཕྱི་བལྟས་ཤིག་གཟིགས་ནས་འཛུམ་ཙམ་གནང་མེད་དམ་སྙམ། ཞེས་པ་འདི་རེད། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །ཞེས་པ་དེ་ལ་བརྟེན་ནས་ཁ་ཅིག་གིས་ཐ་སྙད་ཚད་གྲུབ་བཀག་པའི་དོན་དུ་བཤད་མོད། བརྟག་ཅིང་དཔྱད་ན་ཆོས་གང་ཡང་བརྙེད་རྒྱུ་མེད་ལ། འཇིག་རྟེན་གྱི་ཐ་སྙད་ནི་མ་བརྟག་མ་དཔྱད་པར་འཇོག་དགོས་པ་དགེ་ཆོས་ཀྱིས་ལོས་ཤེས། འཇིག་རྟེན་གྱི་ཐ་སྙད་བཀག་པ་ལ་དགོས་པ་རྒྱུ་མཚན་གང་ཡང་མེད་པའི་ཕྱིར་རོ། །བློ་མ་བདེ་ཞེས་པ་འདི་སྣང་ཆུང་མ་བྱས་པར་བལྟས་ན་བརྟག་ཅིང་དཔྱད་ན་གང་ཡང་འཇོག་མི་ཐུབ་པར་གོ །འཇིག་རྟེན་གྱི་ཐ་སྙད་མེད་ཅེས་དགེ་ཆོས་ཀྱིས་རྨི་ལམ་དུའང་རྨིས་ཡོད་ཀྱི་མ་རེད། ཐ་སྙད་མཁན་པོ་ཞིག་གིས་ཐ་སྙད་ཅི་ལ་འགོག ། རྟེན་འབྲེལ་བསླུ་མེད་བསྙོན་མེད་ཀྱི་མིང་ཙམ་པོ་དེ་མ་བརྟག་མ་དཔྱད་པར་འཇོག་པ་ཐལ་འགྱུར་བའི་ལུགས་ཀྱི་ཐ་སྙད་ཚད་གྲུབ་ཅེས་བྱ་དགོས་མོད། ཁ་ཅིག་གིས་ཐ་སྙད་ཚད་གྲུབ་ཅེས་པ་ནི་སོ་སོ་གང་སྣང་བ་དེ་ཉིད་རང་ངོར་བསླུ་མེད་བསྙོན་མེད་དུ་གྲུབ་པར་བརྗོད། དེ་ཉིད་མི་འདོད་པ་ནི་ཐ་སྙད་དུ་གང་སྣང་བསླུ་མེད་དུ་མྱོང་རུང་། མྱོང་བ་དེ་ཉིད་བརྟག་ཅིང་དཔྱད་ན་ཚད་གྲུབ་ཏུ་གཅིག་ཀྱང་མེད་པར་ཐམས་ཅད་རྫུན་གྱི་སྟེང་ནས་རྣམ་བཞག་སྣ་ཚོགས་བྱེད་པའོ། ཞེས་ཟེར། འདི་ནི་རིགས་པས་དཔྱད་མི་བཟོད་པ་དང་རིགས་པས་གནོད་པ་གཉིས་གཅིག་ཏུ་འཁྲུལ་བ་སྟེ། དཔེར་ན་བ་ལང་དོར་ནས་བ་ལང་མ་བརྙེད་པ་ན་གཞི་དེར་བ་ལང་ཡོད་པ་ཁེགས་ཀྱང་བ་ལང་དེ་སྤྱིར་ཡོད་པ་ཙམ་ཁེགས་དོན་མེད་པ་ལྟར། དོན་དམ་དཔྱོད་པའི་རིགས་པས་རང་བཞིན་ཡོད་པ་ཁེགས་ཀྱི་མིག་ལ་སོགས་པ་ཁེགས་དོན་མེད། འཇམ་དབྱངས་དགའ་བློའི་དབུ་མ་ལས། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །ཞེས་སོགས་ཀྱི་སྐབས་མང་པོར། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་འཇིག་རྟེན་གྱི་མངོན་སུམ་ཚད་མ་མིན་ཞེས་པ་ ཤིན་ཏུ་གྲགས་ཆེ་བས། རེ་ཞིག་དཔྱད་ན། འཇིག་རྟེན་ཞེས་པ་སྔར་བཤད་པ་བཞིན་ཁ་འཆམ་པ་མཛོད་ཅིག །ཤེས་བྱ་ཆོས་ཅན། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་འཇིག་རྟེན་གྱི་མངོན་སུམ་ཚད་མ་ཡིན་པར་ཐལ། རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་བདེན་སྟོང་སྒྲུབ་པའི་སྐབས་སུ་འཇིག་རྟེན་གྱི་མངོན་སུམ་ཚད་མ་ཡིན་པའི་ཕྱིར། དེར་ཐལ། རྟེན་འབྲེལ་གྱི་རྟགས་ཀྱིས་བདེན་སྟོང་སྒྲུབ་པའི་ཕྱོགས་ཆོས་འཇིག་རྟེན་གྱི་ མངོན་སུམ་ཚད་མས་གྲུབ་པའི་ཕྱིར། དེར་ཐལ། ཚད་མ་དེས་མྱུ་གུ་ས་བོན་ལ་བརྟེན་ནས་སྐྱེ་བ་གྲུབ་པའི་ཕྱིར་རོ། །དེས་ན། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ། འཇིག་རྟེན་པའི་མངོན་སུམ་ཚད་མར་རུང་ཡང་། དེ་ཁོ་ན་ཉིད་ལ་ཚད་མར་མི་རུང་ཞེས་རྣམ་པར་དབྱེ་དགོས་ཏེ། དེ་ཁོ་ན་ཉིད་ལ་དཔྱོད་པ་ཙམ་ནས་དེ་ཁོ་ན་ཉིད་རྟོགས་མི་དགོས་པའི་ཕྱིར་ཏེ། ཕྱོགས་ཁྱབ་འཇལ་བའི་དུས་སུ་བསྒྲུབ་བྱ་ལ་དཔྱད་པ་ཡིན་ཀྱང་བསྒྲུབ་བྱ་རྟོགས་མི་དགོས་པའི་ཕྱིར་རོ། །གནད་འདི་ལྟ་བུ་གོང་འོག་ཀུན་ཏུ་ཁྱེར་དགོས་སོ། །ཞེས་གསུངས་སོ། །དེ་ལྟར་ན། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། ཞེས་པ་དེ་ཁོ་ཉིད་ལ་ཚད་མ་མིན་པར་བསྟན་པ་བསྟན་པ་སྟེ། སྔོ་འཛིན་མིག་ཤེས་ལྟ་བུ་ཚད་མ་མིན་གསུངས་པ་གང་ནས་ཡིན། འདིའི་ཐད་ལ་བློ་གང་ཚད་མ་དང་ཚད་མིན་ཡིན་མིན་གྱི་རྣམ་བཞག་ཤེས་དགོས་པ་གལ་ཆེ་སྙམ། སྟོང་ཉིད་བདུན་ཅུ་བ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང་། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །བརྒྱ་བ་ལས། དེའི་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མིག་བཅོམ་པས་བཅོམ་པར་འགྱུར། །ཞེས་པ་སོགས་འཁོར་བ་འཁོར་བྱེད་ཀྱི་རྒྱུའམ་རྩ་བ་ངོས་འཛིན་པའི་ཆེད་དུ་གཏི་མིག་བདེན་འཛིན་ངོས་འཛིན་པ་གལ་ཆེ་གསུངས་ཡོད། འཁོར་བར་འཁོར་བྱེད་ཀྱི་རྩ་བ་གང་ཡིན་དཔྱོད་པ་ན་བློ་གང་ཡིན་བདེན་འཛིན་ལ་མི་ བྱེད་པར་གནས་ལུགས་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཉོན་མོངས་ཅན་གྱི་རྩ་བ་ངོས་འཛིན་དགོས། དེ་ནི་འཇུག་འགྲེལ་ལས། མ་རིག་པ་དངོས་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་པ་རང་བཞིན་མཐོང་བ་ལ་སྒྲིབ་པའི་བདག་ཉིད་ཅན་ནི་ཀུན་རྫོབ་པོ། །ཞེས་དང་། འཇུག་པ་ལས། གཏི་མིག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་ཏེ། །ཞེས་པ་ལྟར་རོ། །གང་ལ་བརྟེན་ནས་འབྱུང་ཡོད་པ། །དེས་ན་རང་དབང་མི་འགྱུར་རོ། །ཞེས་པ་ལྟར་རང་བཞིན་གྱིས་མེད་ཅེས་བཤད་པ་ན་དེའི་དོན་གཏན་མེད་ཀྱི་དོན་དུ་མི་གོ་བ་དང་། རྟེན་འབྱུང་ཞེས་བཤད་པ་ན་བྱུང་བ་ཙམ་ཞིག་ལ་མི་གོ་བར། གཞན་གང་ལའང་མི་ལྟོས་པའི་རང་དབང་ཞིག་མེད་པར་གོ་ཞིང་དེ་ནི་རང་བཞིན་མེད་པའི་དོན་ཡང་ཡིན་ཏེ། སྟོང་གཞིའི་སྟེང་དུ་ལོག་པར་སྒྲོ་བཏགས་པའི་ཞེན་ཡུལ་དགག་བྱ་ཡིན་ལ། སྟོང་གཞི་དགག་བྱ་མིན་པ་ཤེས་པའི་ཆེད་དུ་བདེན་གྲུབ་ཅེས་དགག་བྱའི་ཁྱད་པར་ཟུར་དུ་སྦྱར་དགོས་པའི་རྒྱུ་མཚན་དེ་རེད། ད་འདི་ཙམ་གྱིས་འཐུས་པར་བྱས་ནས་རྟ་རྒྱུགས་པའི་ཞར་ལ་མེ་ཏོག་གཅོད་པའི་དཔེ་ལྟར་གྲུབ་མཐའི་སྐྱོན་ལ་རག་པས་ཕོག་ཐུག་བྱུང་ན་མཐོལ་ལོ་བཤགས།