ཁང་མིག་འདིའི་བདག་པོ་སུ།



ཆོས་ཤུལ་གསང་བདག









ཁང་མིག་འདིའི་བདག་པོ་སུ་ཡིན

འཇམ་ཅག་གེར་སྒོ་གླེགས་རྡུང་མཁན་དེ་སུ

མུན་པའི་གསེང་དུ་འཐིམས་པའི་སྒོ་དང་སྒེའུ་ཁུང

མེ་མདས་བཙན་ཚུགས་ཀྱིས་སྒུལ་དུས

ཁྱོད་ལ་བདག་པོ་ངོ་མ་ཞིག་ཡོད་དམ

ཁྱོད་ལ་སྙིང་ཉེ་བའི་མི་དུ་ཙམ་མཆིས་སྲིད

ཁང་མིག་འདི ཁ་བས་གནོན་སྲིད

ཁང་མིག་འདི རླུང་གིས་འཁུར་སྲིད

བདག་པོ་ངོ་མ་ཞིག་ཡོད་དམ



འབུ་དང་གྲོག་མ་འཚང་ཡོང

བྱ་དང་བྱེའུས་ཚང་བཅས་ཡོང

ཐལ་རྡུལ་གྱིས་ཁེབས་པའི་ཁང་མིག་འདིའི་ལོགས་ན

རྨི་ལམ་གོ་རིམ་མེད་པ་དག་རྨི་མཁན་དེ

གནའ་བོའི་སྐྱ་མི་ཞིག་ཡིན་ནམ

འཕྲུལ་རྟ་ཞོན་པའི་གཞོན་ནུ་ཞིག

འུར་ཟིང་གིས་ཆས་ཟིན་པའི་གནས་མལ

བདག་པོ་སུ་ཡིན་མི་ཤེས་པའི་ཁང་མིག་འདི

དེ་རིང་གི་ལོ་རྒྱུས་དེབ་ཐེར་ངོས་སུ་བྲིས་ཡོང

ཁང་མིག་འདི ང་ཡི་གམ་གྱི་ཁང་མིག་འདི

སུ་ལའང་དབང་སྲིད་དམ



འཕྲུལ་འཁོར་གྱི་ཆོམ་སྒྲས་སྒུལ་བའི་དུས་དེ་རིང

ལག་པ་མང་པོས་འཚང་ཁ་ཤིག་ཤིག

གང་ཞིག་གི་མཐའ་འཁོར་དུ་བྲེལ་འཚུབ་ངང་གཤར་ཡོང

ཤུལ་དུ་ལུས་པའི་ཁང་མིག་འདི

མིག་ལ་ཐོགས་པའི་ཁང་མིག་སྐྱ་ལེབ་མ་འདི

བདག་པོ་སུ་ཞིག་གིས་ཞིག་གསོ་བྱ་ངེས

གོ་རིམ་ལྡན་པའི་ཞིག་གསོ་ཞིག

བདག་པོ་བློ་དཀར་ཞིག་གིས་བྱ་ངེས



སྨུག་ལོང་དྭངས་རྒྱུ་མེད་ཅིག

ཁང་མིག་འདིའི་མཐའ་འཁོར་དུ་འཐིབས་ཡོད

ཞོགས་པ་ཞིག་ཡིན་པར་རྟོག་བཟོ་བྱེད་དུས

ཏག་ཏག་ཉིན་གུང་གི་དུས་ཚོད་བཅུ་གཉིས་རེད་འདུག

ལེ་ལོ་དག་གིས་རྨི་ལམ་རྨི་བཞིན་པའི་དུས་དེ

འཁོར་བ་ལ་ཞེན་པའི་མི་ཚོགས་ཤིག

ཁྲོམ་སྲང་དུ་བྲེལ་འཚུབ་ངང་རྒྱུག་གིན་པའི་ཉིན་དེ

འཁོར་བ་ནི་ཤ་རློན་ཞིག་ཏུ་འདོད་མཁན་དག

ཁང་མིག་འདི་དང་བྲལ་ཏེ་འགྲོ་བཞིན་པའི་དེ་རིང

ཁྱོད་ལ་བདག་པོ་ངོ་མ་ཞིག་འཚོལ་བ་ཇི་འདྲའི་དཀའ་ཨང

ཁང་མིག་འདིའི་བདག་པོ་སུ་ཡིན

དོན་གྱི་བདག་པོ་ཞིག་ཡོད་དམ

༢༠༡༠ལོའི་ཟླ༨པའི་ཚེས༣༠ཉིན་རང་ཤག་ཏུ་སྦྱར།