ཁམས་ཡུལ་ཤུལ་ཁུལ་སྐྱེ་རྒུ་གྲོང་གི་སྤུན་ཟླ་མི་མང་ལ་མྱ་ངན་ཞུས་པའི་འོ་དོད།

སྨིན་དབུས་པོ །



དེ་རིང་ནི་ལོ་ཟླ་སྡུག་པོ་འདིར་ཉི་མ་ནག་པོ་ཤར་བའི་དུས་སྐབས་ལ་མྱ་ངན་དང་འོ་དོད་འབོད་པའི་སྡུག་བསྔལ་གྱི་ཉིན་མོ་ཡིན། དེ་རིང་ནི་གདོང་དམར་བོད་པ་ཚང་གི་དཀྱིལ་སྙིང་ཁམས་སྟོད་ཡུ་ཤུལ་ཁུལ་སྐྱེ་རྒུ་མདོར་2010. 4. 14. 7. 49རང་བྱུང་ས་ཡོམ་གྱི་ཆག་འཇིག་བྱུང་སྟེ། མགོ་ནག་མི་བུ་ཚང་ལ་བཟོད་གླགས་མེད་པའི་སྡུག་བསྔལ་གྱི་མུན་པ་འཐིབ་པའི་གནས་བབ་ལ་སྨྲེ་སྔགས་དང་གདུང་འབོད་བྱེད་པའི་ཉིན་མོ་ཡིན། སྤྱིར་འཛམ་གླིང་ཆེན་པོར་གནས་པའི་སྲོག་ལྡན་གྱི་སེམས་ཅན་སུ་དང་གང་ཡིན་གྱི་མགོ་ཐོག་ཏུ་མི་འདོད་པའི་སྡུག་བསྔལ་རེ་བྱུང་ཚེ་གདུང་བ་མཉམ་བསྐྱེད་བྱེད་རྒྱུ་ནི་མིའི་རིགས་ཀྱི་འོས་འགན་ཡིན་ལ། དེ་ལས་ཀྱང་ཆེས་ལོ་ཟླ་ངན་པའི་ཉི་མ་ནག་པོ་འདིར།ས་ཆེན་གྱིས་ཟེ་བ་འགུལ་སྟངས་ཙམ་གྱིས་ང་ཚོའི་སྙིང་གི་དྭངས་མ་དང༌། སྲོག་གི་སྐྱ་ཡར་གྱུར་བའི་སྤུན་ཟླ་ཉམ་ཆུང་གྲངས་ཀྱིས་མི་ཆོད་པ། བགྲང་གིས་མི་ལོང་པ་ཞིག་གི་ཚེ་ཐོག་ཏུ། སྲོག་ཐོག་ཏུ། མགོ་ཐོག་ཏུ་དུས་སྐད་ཅིག་ཉིད་ལ་རང་དབང་གི་གོ་སྐབས་སྤུ་ཙམ་ཡང་མེད་པར་ཤིན་ཏུ་འཇིགས་པ་ལས་ཀྱང་ཆེས་འཇིགས་པ། འཆི་བ་སྲོག་གི་འཇིགས་པ་གློ་བུར་དུ་ཐོན་ཏེ། གནམ་ས་ཁ་བརྡབས་པ་ལས་ཀྱང་སྐྱི་གཡའ་བའི་ས་ཡོམ་ཁྲོད་མི་ཚེ་གང་གི་རིང་ལ། སྡུག་འབད་རོ་འབད་དང༌། ཁྲག་གསོག་རྣག་གསོག་གིས་གྲུབ་པའི་ར་བ་ཁང་ཁྱིམ་ཡོད་ཚད་སྲོག་ལེན་དང་མནར་གཅོད་ཀྱི་གཤེད་མར་གྱུར་ནས། སྐྱིད་པའི་ཕ་ས་ཕ་ཡུལ་དུ་བསྙད་དེ་མི་རབས་ནས་མི་རབས་སུ་འཚོ་སྡོད་བྱེད་ཡུལ། ཡིད་དུ་འོང་ཞིང་སེམས་ལ་འབབ་པའི་ཁོར་ཡུག་དེ་ཉིད། མིག་གི་ལྡེབ་ཡུན་ཙམ་ལ་འཇིགས་རུང་གི་དུར་ཁྲོད་ཆེན་པོའི་བློས་བསླངས་སུ་འགྱུར་ སོང་བའི་གནས་ཚུལ་དེ་ཉིད་ཡིད་ལ་འཁོར་ཐེངས་རེ་རེའི་སེམས་ཚོར་ནི་ཁོག་ན་སྙིང་ཡོད་ཅིང༌། སྙིང་ལ་ཚོར་བ་ཡོད་མཁན་ཞིག་ཡིན་ཚེ་ཡིད་མྱ་ངན་གྱིས་ནོན། མགྲིན་པ་མཆི་མས་བརྣངས། མིག་མཐའ་ཆུ་ཡིས་བརླན་ཞིང༌། སྡུག་བསྔལ་གྱིས་སྨྲེ་སྔགས་མི་འདོན་མཁན་ཡོད་མི་སྲིད་པ་ནང་བཞིན། འདི་ནས་བརྩེ་གདུང་དང་སྐྱོ་གདུང་དྲག་པོས་རྐྱེན་ལམ་དེ་ནས་སྐྱབས་སྐྱོབ་མཁན་དང༌། ར་མདའ་རོགས་སྐྱོར་མེད་པར་འཇིགས་སྐྲག་དང་ལས་རླུང་གིས་བདས་ཏེ་རྣམ་ཤེས་བར་སྲིད་དུ་འཁྱམས་ནས་རང་གིས་གཅེས་སྤྲས་བྱས་པའི་ལུས་ལང་ཚོ་དེ་ད་ལྟ་མགོ་སྔ་གང་ཡིན་ངོས་ཟིན་དཀའ་བའི་བེམ་རོ་ཞེས་པའི་འཇིགས་ཡེར་རེར། ལྟ་བ་མིག་གིས་མི་བཟོད་ཅིང༌། བརྗོད་པ་སེམས་ཀྱིས་མི་ལོང་བའི་གནས་སུ་གྱུར་ཟིན་པའི་གྲོགས་པོ་ཚེ་འདས་ཚོ་དང༌། མགོ་ལུས་ཕུང་གསུམ་ཤ་ཉོག་རུས་ཉོག་ཏུ་དམར་པོ་ཁྲག་གིས་བརྫིས་ཤིང་སེམས་ཀྱི་སྡུག་བསྔལ་དང་ལུས་ཀྱི་ན་ཟུག་བཟོད་སྲན་དཀའ་བའི་ཚབས་ཆེན་གྱི་གྲོགས་པོ་རྨས་མ་ཚོ། ད་དུང་ས་རིམ་པའི་ཞབས་དང་རྡིབ་འོག་གང་ཞིག་ན་འཇིགས་སྐྲག་འཁྲུལ་སྣང་གིས་གཟིར་བཞིན་འདི་སྣང་དང་བར་སྲིད་གང་ཡིན་གྱི་གནས་སྐབས་ཚོད་མི་ཟིན་པའི་གྲོགས་པོ་ལས་ངན་གྱི་རིགས། མཛའ་བའི་གཉེན་ཉེ་དང་འཚོ་བའི་རྟེན་གཞི་ཚར་ཞིང༌། སེམས་གཅོང་སྡུག་བསྔལ་གྱིས་དྲག་ཏུ་ནོན་པའི་གྲོགས་པོ་ཉམ་ཆུང་གི་ཚོགས། ཉི་མ་དེའི་འཇིགས་སྐྲག་དང་ཟུག་གཟེར་མྱོང་མཁན་ནི་ཁྱེད་ཚོ་ཡིན་པ་ཙམ་ལས། སེམས་ཀྱི་ན་ཟུག་དང་ཡིད་གཅོང་སྡུག་བསྔལ་ཡོད་ཚད་ནི་འུ་ཚོ་ཤ་ཁྲག་རུས་གསུམ་གཅིག་ལས་ཆད་ཅིང༌། སྐྱིད་སྡུག་ལས་དབང་གཅིག་ལ་ཐུན་པའི་ངེད་ཅག་ཤུལ་ལུས་མགོ་ནག་མི་བུ་ཡོད་ཚད་ཀྱི་ཐུན་མོང་གི་སེམས་དང་བསམ་པ་ཡོད་པས། ཚོར་བར་ཟུག་ཟེར་ཡོད་པས། ཁྱེད་ཚོ་དང་ལས་དབང་གིས་སྦྲེལ་བའི་མི་བུ་ཉམ་ཆུང་བདག་གིས་ཀྱང༌། འདི་ན་ཡིད་སེམས་སྐྱོ་གདུང་དང་བཅས། ཚོར་བ་སྡུག་བསྔལ་དང་བཅས། ངོ་གདུང་མཆི་མ་དང་བཅས། མྱ་ངན་གྱི་འོ་དོད་འབོད་ཀི་ཡོད། སེམས་གནད་དང་སྡུག་བསྔལ་བྱེད་ཀི་ཡོད། སྤྱིར་ཡིན་ན། སྐོམ་ན་ཡུལ་ཆུ་མི་འཐུང་བ། །བྲེ་སེར་འབྲོང་གི་ངང་ཚུལ་དང༌། །སྡུག་ན་མཆི་མ་མི་གཏོང་བ། །སྐྱེས་པ་ཕོ་ཡི་ངང་ཚུལ་ཡིན། །ཟེར་མོད། ངས་བསམ་བློ་གཏོང་ཕྱོགས་རེ་ལ། བློ་རྩེ་སྐོར་ཕྱོགས་རེ་ལ། འདི་ལྟར་གྲངས་ཉུང་བའི་མགོ་ནག་ཚང་ལ། འདི་ལྟར་ཉམ་ཆུང་བའི་གདོང་དམར་ཚང་ལ། རྒྱུ་ཅི་ཞིག་དང་རྐྱེན་གང་ཡིན་གློ་མི་ཁེལ་བའི་བར་ཆད་ཆེན་པོ། གློ་བུར་དུ་གནམ་ལྕགས་ཀྱི་ཐོག་ལྷུང་བ་ལྟར། ལྡིར་སྒྲ་དང་ཐལ་རྡུལ་ཕྱུར་རེ། ཁོམ་ལོང་དྲན་ལོང༌། ཤ་ཚ་སྙིང་རྗེ། ཀུ་ཡངས་དང་གློད་གྲོལ་མེད་པར་བྱུང་སྟེ། ཡིད་མཐུན་པའི་སྤུན་ཟླ་མང་པོའི། སྙིང་ཉེ་བའི་སློབ་གྲོགས་མང་པོའི། མཛེས་པའི་ལང་ཚོ་ས་རྡོས་བསྣད་དེ། གཅེས་པའི་ཞལ་ངོ་ཁྲག་གིས་སྦགས་ཏེ། དུས་གཏན་དུ་མཛའ་བའི་ལག་གདང་གཏོར། སྐྱིད་འཚོ་བ་རོལ་བའི་སྐེད་པ་ཕུད་དེ། ཚེ་འདི་དང་ཕྱི་མའི་བར་ལག་བཅད་སོང་བའི་གནས་ཚུལ་དང་བསྐལ་ངན་དེ་ཉིད་ཡིད་ལ་འཁོར་འོང་ན། སེམས་ལ་ཤར་འོང་ན། ངོ་མ་བཟོད་ཐབས་མེད་ལ། ངོ་མ་སྲན་ཐབས་ མི་འདུག བདག་གི་སྤུན་ཟླ་ཚོ། ངས་འདི་ན་ཅི་བྱ་གཏོལ་མེད་དུ་གྱུར་བའི་རྒྱུད་རིམ་ཁྲོད་ནས། ཡིད་སྡུག་བསྔལ་གྱིས་ནོན་ཏེ། སྔོན་གྱི་ལས་ངན་དང་འཕྲལ་གྱི་རྐྱེན་ངན་ལ་ཡུས་བརྗོད་དང་སྡིགས་སྨོད་བྱེད་བཞིན། བསླུ་མེད་བླ་མ་དཀོན་མཆོག་ལ་གདུང་འབོད་དང་ར་མདའ་བྲན་བཞིན། སེམས་སྐྱོ་བའི་མིག་ཆུ་དང༌། ཡིད་ཆེས་པའི་མ་ཎིའི་ཕྲེང་ཐག་བགྲང་བཞིན། ངས་ཁྱེད་ཚོར་རྗེས་དྲན་དང་གདུང་འབོད་ཞུ་བཞིན་ཡོད་ལ། ངས་ཁྱེད་ཚོར་བདེ་སྨོན་དང་སྐྱེལ་མ་ཞུ་བཞིན་ཡོད། སེམས་མཐུནཔའི་སྤུན་ཟླ་ཚོ། ཡིད་གཅུགས་པའི་བཙུན་པ་ཚོ། སྙིང་ཉེ་བའི་སློབ་གྲོགས་ཚོ། ཁྱེད་ཚོ་བདེ་བར་གཟིམས་ཤིག་དང༌། འདི་ནས་ངེད་ཅག་གི་རྣམ་དཀར་ཁྱེད་ཚོའི་ཡིན་པས། ཁྱེད་ཅག་གི་སྡུག་བསྔལ་ངེད་ཚོས་སེལ་སྲིད། ང་ཚོས་དུས་གཏན་དུ་ཁྱེད་ཚོའི་བཞུད་སྟངས་ལ་མྱ་ངན་དང༌། ང་ཚོས་དུས་གཏན་དུ་ཁྱེད་ཚོར་གྱེས་སྟངས་ལ་གདུང་འབོད་བྱེད་ངེས། ང་ཚོས་དུས་གཏན་དུ་ཁྱེད་ཚོ་ལ་རྣམ་དཀར་གྱི་ར་མདའ་གཏོང་ངེས། ང་ཚོས་དུས་གཏན་དུ་ཁྱེད་ཚོ་བརྗེད་མི་སྲིད་དེ། ག་ལ་སྲིད། སྤུན་ཟླ་ཚོ་བདེ་བར་གཟིམས་ཤིག ཨོཾ་མ་ཎི་པདྨེ་ཧཱུྃཿགཉིས་པ་ཞར་བྱུང་གི་སྐད་ཆ་ཉུང་ངུ། ཀྱེ་མ་ས་ཆེན་པོའི་དོན་ལྔ་སྣོད་དྲུག་གཤག་ཏེ་མགོ་ལུས་ཕུང་གསུམ་གཏུབ་ཆེ་བས། ཕྱི་ ནང་གསང་གསུམ་གྱི་ནུས་པ་ཟད་ཅིང་རུས་རྐང་གིས་མ་བཟོད་པར་འཕག་ཚག་ཤོར་བ་ཡིན་ནམ། གནམ་ཞབས་ཀྱི་ལས་རྒྱུ་འབྲས་ལ་ཐུགས་ཁྲོས་ཏེ་འགྲོ་བ་མིའི་རིགས་ལ་སྔོན་བརྡ་ཙམ་བཏང་བ་གང་ཡིན་ཆ་མ་འཚལ་མོད། གང་ལྟར་འཇིགས་སུ་རུང་བའི་དོན་རྐྱེན་དེ་མཐོ་སྒང་གི་མི་བུ་ཉམ་ཆུང་ཚང་གི་མགོ་ཐོག་ཏུ་བབས་སོང༌། ཡིན་ན་ཡང་འུ་ཚོས་ད་དུང་སེམས་ཤུགས་བསྐྱེད་དེ་རང་བྱུང་གི་གནོད་འཚེ་ལ་ཆོས་དང་ཚན་རིག་གཉིས་ངོས་ནས་ཡོ་བཅོས་དང་གཡོལ་ཐབས། གནོད་སྐྱོན་ཐེབ་པའི་སྤུན་ཟླ་མི་དམངས་ཀྱི་ཐུགས་དགོངས་ཚིམས་པའི་ལས་རིགས་ལ་འབད་པ་ཆེན་པོ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་ནང་གི་དོན་ཆེན་རེད། གཅིག་བྱས་ན་ད་ཐེངས་ཀྱི་དོན་རྐྱེན་འདི་མགོ་ནག་བོད་པ་ཚང་ལ་ཉམས་མྱོང་ཆེན་པོ་ཞིག་དང༌། བོད་པ་ཚང་གིས་རང་ནུས་ལ་རྒྱུས་ལོན་བྱེད་པའི་ཚོད་ལྟ་ལྟ་བུར་གྱུར་བ་ཡིན་པས། ཁོག་ན་སྙིང་དང་སྙིང་ལ་ཚོར་བ་ཡོད་མཁན་ཞིག་ཡིན་ཕྱིན་རང་ནུས་རྩལ་སྦྲུག་གིས་ནུས་པ་འདོན་རྒྱུར་རང་སྦྱོང་གི་གོ་སྐབས་ཤིག་ཀྱང་སྤྲད་པ་རེད་འདུག དཔེར་བཞག་ན་དོན་རྐྱེན་ངན་པ་བྱུང་བའི་སྐབས་རང་ཉིད་ཁྲིན་ཏུ་གྲོང་ཁྱེར་དུ་ཡོད་པས་སེམས་པ་ལ་སྔངས་ཚབ་ཆེན་པོ་དང་སེམས་ཁུར་གྱིས་ཡར་རྒྱུག་མར་རྒྱུག་བྱས་སྐབས་གྲོང་ཁྱེར་དེར་ཡོད་པའི་བོད་པ་ཕལ་ཆེར་ལ་སེམས་ཁུར་ཆེན་པོ་འདུག་པ་དང༌། སྨན་ཁང་སོ་སོར་སོང་ནས་རྨས་མ་ཐོན་པ་ཚོར་ལྟ་སྐོར་བྱས་ཚེ་དེར་ཞབས་ཞུར་འབྱོར་བའི་ལྷོ་ནུབ་མི་རིགས་སློབ་གླིང་སོགས་ཀྱི་བོད་རིགས་སློབ་མ་ཚོས་ནད་གཡོག་ཞབས་ཞུ་དང་བརྩེ་སྐྱོང་ནི་ཡིད་མགུ་བྱེད་ཅིག་དང༌། སེར་ཤུལ་དང་དཔལ་བླ་རུང་སོགས་ཀྱིས་གྲྭ་མང་གིས་ཐུགས་ཁུར་དང་ཕྱོགས་ཡར་མར་གྱི་བླ་སྤྲུལ་ལྷག་བསམ་ཅན་རེ་ཟུང་གིས་བྱམས་རྩེ། དགོན་སྡེ་དང་ཚོགས་པ་ཚོ་ཆུང་མི་སྒེར་སློབ་གྲྭ་སོ་སོས་སེམས་ཁུར་དོ་སྣང་བྱས་པའི་ངང་ཚུལ་མཐོང་ཐོས་བྱུང་ན། སེམས་ལ་འདི་འདྲ་ཞིག་ཡིན་ཚེ་ད་དུང་བོད་མི་རིགས་ལ་རེ་བ་ཡོད་ཀི་སྙམ་ནས་ཅུང་སེམས་པ་བདེ་བའི་གོ་སྐབས་ཀྱང་བྱུང༌། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ད་ཐེངས་ཀྱི་གནོད་པ་ཕོག་པའི་ས་ཁུལ་དུ་དམར་པོ་སྙིང་གི་གཏིང་ན་ཆོས་དང་འཇིག་རྟེན་འགྲོ་བ་མིའི་རིགས་ཀྱི་བརྩེ་སེམས་ ཀྱི་དྲི་ཡལ་བའི་མི་ངན་རེ་ཟུང་གིས་སྤྱི་ཚོགས་ནག་པོའི་བཟོ་ལྟ་བཟུང་ནས། རྟ་ལོང་ལ་མུན་རུབ་ན། །ཁྱི་ལོང་ལ་ཉི་མ་ཤར། །ཟེར་བ་ལྟར་འདྲེ་ལག་ས་ཡོམ་བྱུང་ཡུལ་དུ་བརྐྱངས་ཏེ་རྐུན་ཇག་གི་ལས་ཀ་གཉེར་གྱིན་པའི་བྱ་ངན་ཡིད་སྐྱོ་བའི་གནས་ཚུལ་ཡང་འདུག་ཅེས་པའི་གཏམ་ཐོས་རྒྱུ་འདུག འདི་ནི་སྤྱིར་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་མཚོན་ན་རྒྱུན་ལྡན་རང་བཞིན་གྱི་གནས་ཚུལ་ཞིག་རེད་མོད། རང་རེ་བོད་མི་རིགས་ཤིག་གི་གོམས་གཤིས་དང་ཡུལ་སྲོལ་ལ་བསྟུན་ནས་བསམ་ན་ཤིན་ཏུ་འཇིགས་སུ་རུང་ཞིང་ཡི་ཆད་པའི་གནས་གནས་ཚུལ་ཞིག་རེད། ཡང་རེ་འགའ་ཞིག་གི་ངག་སྒོ་ནས་ང་ཚོ་བོད་ཡུལ་ཁ་བ་ཅན་ནི་འཕགས་པའི་གདུལ་ཞིང་ཡིན། ང་ཚོ་ནི་ཆོས་ལྡན་གྱི་ཡུལ་གྲུ་ཡིན་པས་རང་བྱུང་གི་གནོད་པ་དང་ནད་གདོན་གྱི་བར་ཆད་ ཆེན་པོ་འབྱུང་ནི་མ་རེད་ཅེས་པའི་རྨོངས་གཏམ་དང་ཡང་ན་ང་རྒྱལ་ཞིག་ཡོད་པ་ནི་དེ་རིང་ནས་རྨོངས་དད་དང་བདེན་མེད་ང་རྒྱལ་སྟོང་བ་ཡིན་པའི་རྫུན་ཕུགས་བརྟོལ་ཚར་བ་རེད་ཅེས་སྙིང་པོ་དང་ལྟ་མཐོང་ཁོག་རྒྱ་མེད་པའི་སྐད་ཆ་མདོ་མེད་རེ་བཤད་ནས་ཉལ་འདུག་པ་དང༌། ཡང་ཡུལ་ལྷ་གཞི་བདག་ཚོ་ལ་ནུས་པ་མེད་ཚུལ་ནས་བརྩམས་དཀོན་མཆོག་གསུམ་ལ་ཡང་ཡི་ཆད་ཡུས་གཏམ་རེ་བརྗོད་དེ་སྔོན་ལས་ འཕྲལ་རྐྱེན་སོགས་ལས་དང་འབྲས་བུའི་རྣམ་གཞག་ལ་བསམ་བློ་གཏོང་གི་མི་འདུག་པའི་ངང་ཚུལ་འདུག་གི འདི་རིགས་ནི་བསམ་བློ་གང་ཡང་མ་བཏང་བ་དང་ཆོས་དང་ཚན་རིག་གང་ལ་ཡང་རྒྱུས་ལོན་སྤུ་ཙམ་མེད་པའི་ལས་ཀ་དང་སྐད་ཆ་ཁོ་ན་ཡིན་མ་གཏོགས། སྤྱིར་མཉམ་མེད་ཐུབ་པའི་དབང་པོས་སྙིགས་མའི་དུས་ཀྱི་མངོན་རྟགས་ཐམས་ཅད་དང་སྣོད་བཅུད་ཀྱི་ཆགས་འཇིག་གསལ་བོར་གསུངས་ཟིན་པ་དང༌། རྒྱལ་བའི་དབང་པོ་ཨོ་རྒྱན་ཆེན་པོ་ཡབ་སྲས་ནས་བཟུང་བྱོན་ཟིན་མཁས་པ་དང་གྲུབ་པའི་དབང་པོ་དག་གིས་འབྱུང་འགྱུར་ལུང་བསྟན་སོ་སོ་ནས་གསུང་གི་ཆ་འཕྲིན་དང་ཟུར་ཆ་འཁྲུལ་མེད་ཚངས་པའི་ཐིག་འདྲ་བ་ཅི་འདྲའི་མང་པོ་ཞིག་གནང་འདུག དེ་ལས་ཀྱང་འཛམ་གླིང་སྤྱིའི་གནས་བབ་ལ་བལྟས་ན་རང་ཐོག་ཏུ་བབས་མ་བབས་ཀྱི་ཁྱད་པར་ཙམ་ལས་འཛམ་གླིང་གི་རྒྱལ་ཁབ་ཁ་ཤས་ལ་རང་བྱུང་འབྱུང་བཞིའི་ གནོད་པ་ཐེབ་ཐེངས་རེ་རེས་མི་གྲངས་འབུམ་ཕྲག་མང་པོའི་ཚེ་སྲོག་སྐད་ཅིག་ལ་བརླགས་ཚར་བའི་གནས་ཚུལ་མཐོང་ཐོས་མངོན་གྱུར་ཡིན་ན། འགྲོ་བ་མིའི་རིགས་ཀྱིས་ལས་དང་རྒྱུ་འབྲས་ཁྱད་དུ་ཇི་ལྟར་བསད་ན་རྣམ་སྨིན་ངན་པ་དེ་འདྲ་མྱོང་དགོས་པ་མངོན་གསལ་དང༌། ཚན་རིག་དང་དོན་དངོས་ནས་གཞིག་ན་ཡང་སྲོག་ལྡན་སྤྱིའི་འཚོ་གནས་ས་ཡི་གོ་ལར་གནོད་པའི་ལས་རིགས་ཀྱི་ཉེས་པ་ཅི་ཙམ་བཟོས་ན་རང་བྱུང་གི་གནོད་པ་དེ་ལྟར་འབྱུང་རྒྱུ་ཡིན་པ་གཏིང་ཐག་ཆོད་འདུག་པ་དེ་རེད། དེས་ན་འཛམ་གླིང་ཆེན་པོ་འམ་རྒྱལ་ཁབ་རང་རང་དང་མི་རིགས་སོ་སོས་རྒྱང་རིང་གི་འཚོ་གནས་ལ་བསམ་བློ་མི་གཏོང་བར་གནས་སྐབས་ཀྱི་ཡོང་འབབ་ཕྲན་བུ་ལ་ དམིགས་ནས་སའི་གོ་ལའི་ཡང་རྩེ་དང་སྲོག་སྙིང་དུ་གྱུར་བའི་མདོ་དབུས་མཐོ་སྒང་གི་ཚེ་ལུས་ཟུངས་གསུམ་ལ་གནོད་ཐག་ཆོད་པའི་རང་བྱུང་རིགས་གཏེར་ཁ་སྔོག་པ། ནགས་ཚལ་གང་བྱུང་དུ་གཅོད་པ། སྐྱེ་དངོས་རྩ་ཆེན་བརླགས་པ། རི་བྲག་ཐལ་བྱུང་དུ་ཕུག་པ། ཐང་ཆེན་ཕྲེད་གཤག་ཏུ་བཏང་བ། གཙང་བོ་དང་མཚོ་རྫིང་ཕངས་མེད་ དཀྲུགས་བཀོལ་གྱི་ལས་རིགས་ཅི་ཙམ་ལག་ཏུ་བླངས་ན་སྣོད་བཅུད་ཀྱི་ཤེད་ནུས་ཟུངས་གསུམ་ཉམས་ཏེ་ཁོར་ཡུག་དེར་དེ་འདྲའི་ནོད་སྐྱོན་འབྱུང་རྒྱུ་ཡིན་པ་ཆོས་ཉིད་དུ་གྲུབ་ན། ད་ཐེངས་ཀྱི་གནོད་རྐྱེན་ནི་རང་རེ་ཚོས་ཁོར་ཡུག་བདག་སྲུང་མ་ཐུབ་པར་རང་བྱུང་རི་ཆུའི་ཚེ་བླ་སྲོག་གསུམ་ལ་གནོད་པ་བཟོས་པའི་འབྲས་བུ་དང༌། ལས་རྒྱུ་འབྲས་ལ་བརྩི་མཐོང་ཇེ་ཞན་དུ་འགྲོ་བཞིན་པའི་རྣམ་སྨིན། བོད་མི་རིགས་ཀྱི་མཚུན་ལྷ་ཡུལ་སྐྱོང་གཞི་བདག་གི་རིགས་ལ་ཕོག་ཐུག་གནོད་སྐྱོན་མནོལ་རྩོག་བཟོས་པ་ཚབས་ཆེ་ནས། ཁོ་ཚོའི་མཐུ་དང་ནུས་པ་ཟད་དེ་འཕག་ཚག་ཅུང་ཙམ་ཞིག་ཤོར་སོང་བ་འམ་ཡང་ན་སྔོན་བརྡ་ཙམ་བཏང་བ་ཡིན་པའི་གོ་རྟོགས་སད་དེ། འུ་ཚོས་ཕྱོགས་སོ་སོ་ནས་བསམ་བློ་བའི་རྒྱ་བསྐྱེད་དེ་ལས་རྒྱུ་འབྲས་དང་ཚན་རིག་ལ་ཡིད་ཆེས་བརྩི་ སྲུང་ཆེར་བཏང་ནས་རྒྱལ་ཁབ་དང་བཟོ་ལས་སོ་སོར་རེ་འབོད་ཤུགས་ཆེན་བརྒྱབ་ཏེ་ཁོར་ཡུག་བདེ་སྲུང་ལ་འབད་པ་བྱེད་རྒྱུ་དང༌། བསླུ་མེད་དཀོན་མཆོག་གསུམ་དཔང་པོར་བཞག་ཏེ་ལས་འབྲས་ལ་བརྩི་སྲུང་ཇེ་ཞིབ་ཏུ་གཏོང་མ་ཐུབ་ན། ས་ཡི་བཅུད་དང་སྐྱེ་འགྲོའི་གཡང་ཉམས། དཀར་ཕྱོགས་ཀྱི་དབུ་འཕང་དམའ། ནགས་ཕྱོགས་ཀྱི་མཐུ་སྟོབས་རྒྱས་ཏེ་ད་དུང་རིམ་པ་བཞིན་སྡུག་བསྔལ་དང་མི་འདོད་པ་མགོ་ཐོག་ཏུ་འོང་ངེས་པའི་གནས་ལུགས་ཀྱི་བསམ་བློ་ནང་ནས་རྙེད་པར་བྱས་ཏེ་ལུས་ཤུགས་སེམས་ཤུགས་ཀྱི་རྒྱ་ཇེ་ཆེར་བཏང་ནས་མིའི་རིགས་འཚོ་ཐབས་དང་བདེ་སྐྱིད་ལ་བསམ་བློའི་སྐུལ་མ་དང་རུ་འདྲེན་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད་སྙམ། ཞེས་ཡུལ་མགོ་ལོག་ཕྱོགས་ཀྱི་དམན་བུ་སྨིན་དབུས་སྤྲང་པོ་འམ་ཁ་བའི་རྣམ་ཤེས་སུ་འབོད་པ་དེས་ཁམས་སྟོད་སྐྱེ་རྒུའི་སྤུན་ཟླ་མི་མང་ལ་བོད་ལྕགས་སྟག་ཟླ་གཉིས་པའི་གནམ་སྟོང་ལ་ས་ཡོམ་གྱི་འཇིགས་པ་བྱུང་སྟེ་ཉིན་བཞི་འདས་པར་རྒྱ་ནག་ཁྲིན་ཏུ་བོད་ཁྲོམ་གྱི་བོད་མིས་མྱ་ངན་སྡུག་འཚོགས་བསྡུས་པའི་དུས་མྱ་ངན་གདུང་ཚིག་ཏུ་སྨྲས།