ཁེར་རྐྱང་གི་ཕྱི་ནང་།



མང་རའི་རབ་ཆུང་



སེམས་ཀྱི་དགའ་སྐྱོ་ཆགས་སྡང་། །

ཆང་ཕོར་ཁ་ལ་བཏེགས་ཡོད། །

ལུས་ཀྱི་སྤྱོད་པའི་རྣམ་འགྱུར། །

སེམས་ཅན་མིག་ལ་བཀྲམས་ཡོད། །



སེམས་པ་དགའ་སྤྲོས་ཁེངས་ནས། །

རེ་ཞིག་བདེ་ཞིང་སྐྱིད་ཀྱང་། །

ཁེར་རྐྱང་ལུས་དེ་བསམ་ན།

ཨ་རག་ཞེ་ནས་འཐུང་འདོད། །



སྐྱོ་སྡུག་འཆི་མ་ཡོད་ན། །

དབུ་ཆང་འཐུང་བཞིན་ངུས་ཆོག །

དགའ་བའི་འཛུམ་རེ་ཡོད་ན། །

ཆང་ཕོར་རུམ་ནས་གཉིད་ཆོག །



ནང་མོ་སྐྱ་རེངས་བཅག་ན། །

ཆང་རྫ་ཁུར་ནས་སོང་ཆོག །

མཚན་མོ་གང་ནས་ལུས་ན། །

དེ་ནི་རང་གི་ཁྱིམ་ཡིན། །



མི་ཚེ་གཅིག་གི་གཏམ་རྒྱུད། །

ཆང་དང་ལྷན་དུ་བཏུང་བཞིན། །

སྤྱོད་པའི་སྙིགས་རོ་ཐ་དག །

ཁ་ནས་ཕྱི་ལ་སྐྱུགས་བཞིན། །



ཐ་མ་འཆི་བའི་ཚེ་ན། །

གཅིག་ལའང་ཞེ་འཁོན་མེད་པར། །

ཞེ་ལ་ཐོག་པའི་དངོས་པོ། །

ཐམས་ཅད་གང་ཡང་མེད་པར། །



རྣམ་ཤེས་བདེ་ལ་བབས་ནས། །

ཕྱི་མའི་ཡུལ་ལ་སོང་ཆོག །

བེམ་པོ་ཆང་དྲི་ཅན་པོ། །

སུས་ཀྱང་ཁ་ཟས་བྱས་ཆོག །

༢༠༡༢. ༡༡. ༠༣