༼ཁེར་རྐྱང་གི་སྒོམ་གཞས།༽

ཚོམ་བུ ༼ཆོས་གྲོགས་དག་གི་ཁ་བྱང་གཅིག་པའི་ཁེར་རྐྱང་གི་སྒོམ་གཞས༽

ཁེར་རྐྱང་གི་སྒོམ་གཞས།

་་་་་་་་་་་་་་་་་་ཆོས་ཚ་བ་ཇ་ལོ།

རྒྱལ་བ་སངས་རྒྱས་བརྩེ་བ་ཚད་མ་ཡིས་ངེས་ཏེ། །

འདུལ་བ་ཤེར་ཕྱིན་དུངས་པ་རྣལ་མ་ཡིས་འགྲེལ་ན། །

དྲང་ངེས་གནས་ལ་ངེས་པ་གཏིང་ཚུགས་ཤིག་རྙེད་པས། །

ཁེར་རྐྱང་སྒོམ་གཞས་དེ་ཡང་སྙན་མོ་ཞིག་འདུག་ཨང་། །

ཀུན་རྫོབ་སྤྲོས་པའི་རི་མོ་བརྩེ་བ་ཡིས་ཟིན་ཏེ། །

དོན་དམ་གནས་ལུགས་ཕྲ་མོར་དུངས་པ་ཡིས་མཇལ་ན། །

ལྟ་སྒོམ་སྤྱོད་པའི་ཐེམ་སྐས་བང་རིམ་གྱིས་ཤར་བས། །

ཁེར་རྐྱང་སྒོམ་གཞས་དེ་ཡང་སྙན་མོ་ཞིག་འདུག་ཨང་། །

འགྲོ་བ་སྙོམས་པོར་ལྟ་བ་བརྩེ་བ་ཡིས་ཁྲིད་དེ། །

སྣང་བ་གང་བྱུང་འགོག་པ་དུངས་པ་ཡིས་ཁྱབ་ན། །

བདེ་བ་མཐར་ཐུག་ཅེས་པ་ཐག་རིང་ཞིག་མིན་པས། །

ཁེར་རྐྱང་སྒོམ་གཞས་དེ་ཡང་སྙན་མོ་ཞིག་འདུག་ཨང་། །

ཤེས་ལོ་ཐོས་ལོའི་གདམས་པ་བརྩེ་བ་ཡིས་འཁྱུད་དེ། །

གང་ཤེས་སྦྱོར་བའི་ཉམས་ལེན་དུངས་པ་ཡིས་བསྐྱངས་ན། །

འདི་ཕྱིའི་ལེགས་ཚོགས་འཕེལ་བའི་ལམ་སྣ་དེ་ཟིན་པས། །

ཁེར་རྐྱང་སྒོམ་གཞས་དེ་ཡང་སྙན་མོ་ཞིག་འདུག་ཨང་། །

༢༠༡༣/༤/༢༩

ཁེར་རྐྱང་གི་སྒོམ་གཞས།

་་་་་་་་་་་་་་་་སྒོ་དམར་ཨ་ཤར

ཞི་ཁྲོའི་ལྷ་ཚོགས་སྐྱབས་ཀྱི་ཡུལ། །

གནས་དབེན་གྲུ་བཞི་ཆོས་ཀྱི་གནས། །

ལྷག་གེ་ཤེས་རབ་གསལ་བའི་སྤྱན། །

མཐོང་གྲོལ་ཐར་པ་ཐོབ་པའི་ལམ། །

སྨོན་ལམ་འདེབས་པ་འདི་ཕྱིའི་དོན། །

སེམས་གསོ་བྱ་ལས་སྨོན་སེམས་སྨན། །

འཇུག་ངོགས་ཞེས་བྱ་འཇུག་པའི་སྒོ། །

སེམས་བཟང་འཆང་བ་ནང་བའི་ཆོས། །

དད་གུས་ཆེ་བ་ཡོན་ཏན་རྟགས། །

ཡུལ་ཅན་ཞེས་བ་རང་འཇུག་ཆོས། །

སྐྱབས་སུ་འགྲོ་སའི་གྲུབ་མཐའི་སྙིང་། །

གསུམ་ལྡན་བླ་མ་སངས་རྒྱས་དངོས། །

ཚུལ་བཞིན་མཐུན་པ་ནང་བའི་ཆོས། །

ཁྲིམས་དང་ལྡན་པ་འདུལ་བའི་གཞུང་། །

ལྡན་གྲོལ་གཉིས་ལྡན་ཤཱཀྱའི་སྐུ །

ཁེར་རྐྱང་དགའ་བར་སྒོམ་པ་མགུར། །

༢༠༡༣/༤/༢༩

ཁེར་རྐྱང་གི་སྒོམ་གཞས།

་་་་་་་་་་་་་་་བུ་སྨུག་པོ།

རི་བོ་སྤང་ཐང་གི་ས་ཆེན་ནས། །

སེམས་པ་ཁྱུང་གཤོག་གི་རླབས་ལ་འཇུས། །

མིག་ཟུང་རབ་རིབ་ཀྱི་མཐོང་ལམ་ནས། །

རྒྱང་སྐྱོད་བར་སྣང་གི་ཆུ་འཛིན་མཐོང་། །

དུངས་སེམས་མཚོ་མོ་འདིའི་གྲུ་ཁ་ན། །

བརྩེ་ཆེན་ཉ་མོ་ཡི་འཁྱུག་གཤོག་རྒོད།

ལས་དབང་ཆུ་དར་གྱི་རབ་ཁ་ནས། །

འཕྲང་ལམ་ཀྱག་ཀྱོག་དེ་གཏོང་གིི་མེད། །

ཟུར་མིག་བསྣོལ་མཚམས་ཀྱི་ཧྲག་བར་ན། །

སེམས་པ་གསོན་པོ་འདིས་ང་རོ་ཡོད། །

སྤྲིན་དཀར་ལང་ལོང་གི་འགྱུར་བག་ལ། །

དབེན་པའི་སྒོམ་ཕུག་ནས་ཅེར་དེ་ཡོད། །

རང་འབབ་བསིལ་ཆར་གྱི་ཤག་སྒྲ་དེ། །

ཨ་འབྱོག་བུ་ག་འདིས་གསན་ནས་ཡོད། །

༢༠༡༣/༤/༢༩

ཁེར་རྐྱང་གི་སྒོམ་གཞས།

་་་་ཏཱ་ནི་སྦྱིན་པ།

གཟུགས་མེད་ཚོར་འཕྲུལ་གྱི་རླུང་བུ་གང་སར་གཡུག་པས། །

ཞེན་པའི་གཡབ་མོ་འདིའི་བདག་པོ་ཡེ་ནས་བོར་འདུག། །

སྣང་བ་རབ་རིབ་གྱི་དམིགས་པ་གང་ལ་གཏད་ཀྱང་། །

འདུ་འཛི་ཟང་ཟིང་གིས་སེམས་ལ་ལྷིང་འཇགས་མ་བསྐྲུན། །

ཞི་ལྷག་ཟུང་འབྲེལ་གྱི་ཏིང་འཛིན་སྒོམ་པར་བརྩོན་ཡང་། །

སྐྱ་ཀ་ཕྲ་མོ་དེས་རྣ་བ་སུན་པར་བཟོས་འགྲོ། །

གང་ལ་གོམས་པ་དེ་ཏིང་འཛིན་ངོས་སུ་གསལ་ཡང་། །

མི་རྟག་སྒྱུ་མ་བཞིན་ཐལ་བའི་རྡུལ་དུ་བརླག་དགོས། །

ཟབ་དོན་མདོ་རྒྱུད་ཀྱི་མན་ངག་ཉེ་སར་བཅར་ཡང་། །

སྣང་བ་རྒྱ་ཡན་དུ་ཤོར་བས་འཛིན་རྒྱུ་མ་བྱུང་། །

ཅི་ཡང་སློབ་འདུན་གྱི་ཚོར་བ་ཁྲེལ་མེད་དེ་ཡིས། །

ཁེར་རྐྱང་སྒོམ་གཞས་འདི་དེ་རིང་གྱེར་དགོས་བྱུང་སོང་། །

༢༠༡༣/༤/༢༩

ཁེར་རྐྱང་གི་སྒོམ་གཞས།

་་་་་་་་་་་མར་བུ་དགེ་བཟང་།

ཀ་ཏོ་ར་ཡི་ཁྲུས་གཞོང་མདུན་དུ་བཞག་ནས། །

ཁ་ངོ་བཀྲུས་ནས་ཡག་ཙམ་བཏོད་ཁུལ་བྱས་ཏེ། །

ག་ལེར་སྲང་ལམ་ཆེ་ཆུང་ཉུལ་བའི་དུས་སུ། །

ང་ཡི་སྣང་བར་སྣ་ཚོགས་འདི་འདྲ་ཤར་བྱུང་། །

ཅ་དག་རླངས་འཁོར་བསྐོར་རྒྱུ་བྱུང་ན་བསམ་བྱུང་། །

ཆ་ལུགས་སྣ་ཚོགས་བདག་གིར་བྱས་ན་བསམ་བྱུང་། །

ཇ་ཆང་བཏུང་བར་བཀག་འགོག་མེད་ན་བསམ་བྱུང་། །

ཉ་སུག་འགྲོ་འདུག་རང་དབང་བྱུང་ན་བསམ་བྱུང་། །

ཏ་རིན་དབང་དང་གོ་ས་འཐོབ་ན་བསམ་བྱུང་། །

ཐ་མག་གོང་ཆེན་རྔུབ་རྒྱུ་བྱུང་ན་བསམ་བྱུང་། །

ད་ལྟའི་ན་ཚོད་ཡོལ་རྒྱུ་མེད་ན་བསམ་བྱུང་། །

ན་བ་སྡུག་བསྔལ་བྱུང་རྒྱུ་མེད་ན་བསམ་བྱུང་། །

པ་ཕས་རང་ལ་ཐེ་གཏོགས་མེད་ན་བསམ་བྱུང་། །

ཕ་རོལ་ཀུན་ལས་མཐོ་བ་བྱུང་ན་བསམ་བྱུང་། །

བ་གམ་བརྩེགས་མའི་ཁང་བ་ཡོད་ན་བསམ་བྱུང་། །

མ་ཡི་བརྩེ་བས་དོར་བ་མེད་ན་བསམ་བྱུང་། །

ཙ་ཏུར་གྲངས་ལྡན་གཞུང་ལུགས་ཤེས་ན་བསམ་བྱུང་། །

ཚ་གྲང་དཀའ་ངལ་མྱོང་རྒྱུ་མེད་ན་བསམ་བྱུང་། །

ཛ་དྲག་འཁྲུག་མེད་ཞི་བདེ་ཡིན་ན་བསམ་བྱུང་། །

ཝ་ལྟའི་གཡོ་སྒྱུའི་ལས་དེ་མེད་ན་བསམ་བྱུང་། །

ཞྭ་ལྟར་བཀུར་བའི་འཁོར་གཡོག་ཡོད་ན་བསམ་བྱུང་། །

ཟ་མ་རྒྱན་གོས་འབུལ་མཁན་མང་ན་བསམ་བྱུང་། །

འ་འུར་མེད་པར་ལྷིང་འཇགས་བྱུང་ན་བསམ་བྱུང་། །

ཡ་མཚན་ལྟད་མོ་སྣ་ཚོགས་མཐོང་ན་བསམ་བྱུང་། །

རྭ་ལྟར་གྱོང་བའི་སེམས་འདི་ཐུལ་ན་བསམ་བྱུང་། །

ལ་ལུང་ཡུལ་ལ་འགྲོ་རྒྱུ་བྱུང་ན་བསམ་བྱུང་། །

ཤ་འཁོན་འཛིན་པའི་དགྲ་བོ་མེད་ན་བསམ་བྱུང་། །

ས་ལམ་རྟོགས་པ་མཐའ་རུ་ཕྱིན་ན་བསམ་བྱུང་། །

ཧ་ཅང་མོས་པའི་དོན་དག་འགྲུབ་ན་བསམ་བྱུང་། །

ཨ་དོན་སྐྱེ་འཆི་ཡེ་བྲལ་བྱུང་ན་བསམ་བྱུང་། །

སྙན་ངག་ཚིག་གི་སྦྱོར་བ་སྤེལ་བ་འདི་ནི། །

ང་རང་ཁེར་རྐྱང་ཞིག་གིས་སྒོམ་གཞས་ཡིན་ནོ། །

༢༠༡༣/༤/༢༩

ཁེར་རྐྱང་གི་སྒོམ་གཞས།

་་་་་་་་་་་་་་་་་རླུང་གཞོན།

གནག་སྣུམ་ལམ་བུ་ཞིག་རྒྱང་ནས་རྒྱང་ལ་འཐེན་ཡོད། །

ལམ་བུའི་སྣེ་མོོ་དེ་བྱམས་པའི་ཕྱོགས་ལ་བསྲིངས་ཡོད། །

སྡོང་ལོ་ཞིང་ཁ་ན་འཕུར་བའི་ལམ་ཟུར་འདི་ནས། །

རྒྱང་རིང་རྒྱང་རིང་གི་ཁྱོད་ལ་གཞས་ཞིག་གྱེར་འདོད། །

མིག་གིས་ཁྱོད་ཕྱོགས་སུ་ཡང་ཡང་ལྟ་ཐང་རེ་ལ། །

སེམས་པ་ཁྱོད་དྲུང་དུ་ཡང་ཡང་སྨེངས་བས་ཤོར་འགྲོ། །

ཁྱོད་ཀྱི་ལང་ཚོ་ལ་དུངས་པའི་ཁེར་རྐྱང་ང་ཡིས། །

དེ་རིང་ཞིང་ཚིགས་འདིའི་ཟ་ཟུར་མིག་ཆུས་བརླན་ཡོད། །

རླུང་བུ་གཡུག་ཚུལ་འདི་སྔོན་དང་ཁྱོན་ནས་མི་འདྲ། །

སྡོང་ལོ་ཁུར་སྟངས་ཡང་དེ་བཞིན་ཡེ་ནས་མི་མཚུངས། །

སྤྲིན་པ་ཐ་ཐོར་ཞིག་ལང་བའི་ནམ་མཐའ་ཇི་བཞིན། །

ཁོ་བོའི་སེམས་པ་འདི་ཡང་ཡང་མཐའ་ཞོགས་རྒྱག་གི།

ནུབ་མཁའི་ཉི་འོད་ཀྱིས་ས་གཞིའི་ཁ་དོག་བརླན་དུས། །

དྲན་པའི་སེམས་པ་འདི་ལྷོ་ནས་རྒྱང་ལ་འཁྲེང་ཡོད། །

དེ་དགུང་སྐར་ཚོགས་ཀྱི་འཚང་ཀ་ཤིག་ཤིག་གཡོ་དུས། །

གཙང་མ་ལྷད་མེད་ཀྱི་སེམས་འདིས་ཁྱོད་ཉིད་སྲུང་ཡོད། །

རྒྱང་གི་བྱམས་པ་ཁྱོད་སྐུ་ལས་བདེ་མོ་བཞུགས་པས། །

མི་རྐྱང་ཁོ་བོ་ཡང་གཞི་ནས་བདེ་ལ་བབས་ཡོད། །

མཛའ་བརྩེ་ཨ་ལོང་གི་ཁུགས་པ་རེ་རེ་བར་ནས། །

རྫོགས་མེད་བདེ་སྐྱིད་ཀྱིས་དགའ་སྤྲོས་ཁྱབ་པའི་སྨོན་ལམ། །

༢༠༡༣/༤/༢༩

ཁེར་རྐྱང་གི་སྒོམ་གཞས།

ཞོགས་བརྡ

ཞོགས་བརྡའི་མཚམས་སྤྲིན་དགུང་ལ་ཉེར་བསུས་པའི།

གཡང་དཀར་འབའ་འབའ་འཚོ་མཁས་ན་ཆུང་མས། །

ཆུང་འདྲེས་ཕ་ཡུལ་རྒྱང་དུ་བསྐྱུར་བ་ལ། །

ཡིད་ལ་ཝ་ཤར་གླུ་ཆུང་ཤུགས་ཀྱིས་གྱེར། །

སྐྱིད་ལ་སྡུག་པའི་འཇིག་རྟེན་ཡུལ་གྲུ་འདིར། །

དགའ་སྐྱོ་སྦགས་མའི་འཚོ་བ་ལན་ཙམ་རོལ། །

འཁོར་བའི་བྱ་བཞག་མདང་གི་རྨི་ལམ་བཞིན། །

ངེས་པ་མེད་པའི་ཚུལ་ལ་ཡིད་རེ་སྐྱོ། །

གསེར་ལྗོངས་རིག་པའི་ཞིང་མཆོག་ཉམས་དགའ་འདིར། །

སྔོན་བསགས་ལས་ཀྱིས་བཀོད་པའི་དལ་རྟེན་མཐུས། །

ལང་ཚོའི་འདབ་ལག་རྒྱས་པའི་དུས་ཤིག་ལ། །

དལ་འབབ་ཡན་ལག་བརྒྱད་ལྡན་མཉམ་དུ་འཐུང་། །

དཀའ་སྡུག་གཡུལ་དུ་འཐབ་པའི་དོ་ར་ནས། །

ཀུན་རྟོག་བསེར་བུ་ཁྱེད་ཀྱི་ཕྱོགས་སུ་ཆས། །

དུངས་པའི་མིག་ཟུང་བས་མཐའི་ཡུལ་དུ་བསྲིངས། །

སྒོམ་པའི་གྲིབ་རིས་ཆ་ཙམ་མངོན་མ་གྱུར། །

ཁྲི་གདུགས་ནུབ་རི་ཡིབ་པའི་ས་སྲོད་འདིར། །

རྩི་ལྫོན་མེ་ཏོག་སྣ་ཚོགས་བཞད་ཁ་ཟུམ། །

མཛའ་གཅུགས་འདི་ལྟར་བཞུད་ན་ཁོ་བོ་ཡང་། །

འབྲོག་དགོན་ཞིག་ལ་གནས་ཚང་བཅའ་ན་འདོད། །

སྲིད་པའི་ཐོབ་བྱ་དབྱར་གྱི་སྤྲིན་དང་འདྲ། །

ཡིད་བསྟད་མེད་པ་སྒྱུ་མའི་བུ་མོ་བཞིན། །

བསྒོམས་ཀྱང་ཁྱེད་དྲན་ལྕགས་སྒྲོག་དགུ་མདུད་འདི། །

གཅོད་པའི་མངོན་རྗེས་ཡོད་ན་བདེན་པ་ཀ།

ལྷན་གཅིག་བདེ་སྐྱིད་སྣང་བ་འཇའ་ལྟར་ཡལ། །

དོ་ནུབ་དྲན་གདུང་ཁུར་ལྕི་ཕྲག་ཏུ་ལྷུང་། །

བདག་གི་སེམས་པ་རི་སུལ་དམ་དུ་ཚུད། །

ཁེར་རྐྱང་གཏན་གྱེས་གདུང་བ་སྙིང་ལ་བརྩེགས། །

མི་ཚེ་གང་བོར་འདི་ལྟར་གནས་དགོས་ན། །

མིག་མཐའ་མཆུ་མ་འཁོར་བ་དོན་མེད་པས། །

སོར་རྩེས་ཟློས་གར་འཁྲབ་པའི་སྒོམ་གཞས་འདི། །

དྲན་པའི་ཤུགས་གླུ་མཛའ་བརྩེའི་རྟེན་དུ་བྲིས། །

༢༠༡༣ ༤ ༢༨ཉིན།