གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། །

ཨེ་མ་ཧོ། །

གངས་ཅན་བོད་པའི་བླ་རི་དག་མ་གདོད་མའི་རི་རྒྱལ་ལྷུན་པོ་ཆེ། །

གངས་དཀར་ཤེལ་གྱི་ཚོགས་གཏོར་ཆེན་མོ་གཉུག་མའི་ལྷ་སྲུང་གདན་ས་མཆོག །

གངས་ལྗོངས་བསོད་ནམས་རང་གྲུབ་ལས་བྱུང་གསང་གསུམ་བདེ་མཆོག་ཕོ་བྲང་གི །

གངས་རིའི་གཟི་བརྗིད་མངོན་སུམ་མཇལ་ཚེ་གངས་ཅན་བོད་པའི་ལ་རྒྱ་དྲན། །

འཛམ་གླིང་ཟླུམ་པོའི་སྙིང་སྲོག་དམ་པ་གངས་རི་དཀར་པོ་རིན་ཆེན་ལགས། །

གཡུ་མཚོ་མ་ཕམ་ཕྱུག་མོས་རྒྱན་ཅིང་ཡན་ལག་བརྒྱད་ལྡན་འབྱུང་གནས་ཆེ། །

ཤར་ནུབ་གོ་ལའི་ཟུང་ཁྲག་དྭངས་མ་ཁ་བབས་ཆུ་བོ་ཆེ་བཞི་འབབས། །

རྒྱ་མཚོ་ཆེན་པོའི་ཚེ་སྲོག་སྤེལ་ཞིང་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་གནང་། །

ཧི་མ་ལ་ཡའི་དུང་ཕྲེང་དཀར་པོས་འཇིག་རྟེན་བདུན་པོའི་འཁོར་ཡུག་འཛིན། །

ཡབ་མེས་གོང་མའི་ཆོས་རིག་དགེ་བས་འཇིག་རྟེན་མཛེས་པའི་ཞི་བདེ་སྐྱོང་། །

དྲང་བདེན་དབུ་མའི་ཕ་ཁྱིམ་གྲུ་བཞི་སྟག་སེང་ཁྱུང་འབྲུག་རླུང་རྟ་བཅས། །

དགྲ་བླ་ཝེར་མ་ཆོས་སྐྱོང་རྒྱ་མཚོའི་སྙིང་ཐིག་གངས་ཅན་བོད་པ་རྒྱལ། །

རབ་རྒྱན་ཆུ་འབྲུག་ཟླ་༡ ཚེས ༢༡ ལ་ཤྲྰིས་ཐོལ་བྱུང་དུ་བྲིས་སོ། །། །