གདམས་ངག་སྙིང་དམར་མ། །

ཨེ་མ་ཧོཿ ངོ་བོ་སྟོང་པ་ཆོས་ཀྱི་གཉུག་མ་ལ། །རང་བཞིན་རྣམ་དག་འོད་གསལ་སྙིང་པོ་ཅན། །ཐུགས་རྗེ་ཀུན་ཁྱབ་རིག་པ་དྲི་མེད་ལ། །དབུ་ཕྱག་རྫོགས་ཆེན་ལྟ་སྒོམ་འབྲས་བུ་ལགས། །ལུས་ངག་ཡིད་གསུམ་དག་པའི་ཐབས་ཤེས་ཉིད། །དྲན་ཤེས་བག་ཡོད་བརྟན་པོས་ལེགས་འབད་ནས། །སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུ་ཡི། །སྐུ་གསུམ་རྒྱལ་བའི་དགོངས་པ་མངོན་གྱུར་མཛོད། །རང་གཉིས་ཚེ་འདིར་འཕྲད་པར་མི་འགྱུར་ཀྱང་། །ཁ་མིན་གསོལ་བ་བཏབས་པའི་རེ་སྐུལ་ཉིད། །གང་ཤེས་ཚིག་གི་གདམས་ངག་ཁྱོད་ལ་འབུལ། །དད་གུས་ཡོད་ན་འདིས་ལྷག་ངོ་སྤྲོད་དབེན། །ལུས་སྦྱོང་རྩལ་ཆེན་ཉི་ཤུའི་རྣལ་འབྱོར་སྦྱོངས། །ངག་སྦྱོང་རྩ་གསུམ་རྒྱལ་བའི་བསྙེན་པ་ཟློས། །སེམས་སྦྱོང་རྫོགས་ཆེན་མན་ངག་སུམ་ཅུ་སྒོམས། །དད་བརྩོན་ཤེས་རབ་ལྡན་པའི་སློབ་བུ་ལ། །ཚིག་གསུམ་གནད་དུ་གདམས་པའི་མན་ངག་འདི། །བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་དམ་ཡིན། །སྒོ་གསུམ་མི་ཕྱེད་དད་པས་བསྟེན་ཅིག་ཨང་། །ཞེས་པ་རིག་འཛིན་ནམ་མཁའ་རྒྱ་མཚོ་འམ་ནམ་མཁའ་བླ་མ་ཞེས་པའི་བླ་ཆེན་ཞིག་གིས་བདག་ལ་ངོ་བསྟོད་ཀྱི་འཕྲིན་ཐུང་དུ་གུ་རུ་རིན་པོ་ཆེ་དང་ཀུན་ཏུ་བཟང་པོ་དང་མཉམ་པ་ཡིན་པའི་དག་སྣང་ཡོད་པ་སོགས་སོ་སོའི་དྲིན་ཆེན་རྩ་བའི་བླ་མ་ཡིན་ན་ཡང་དེས་ལྷག་མེད་པ་གཅིག་གི་དད་གུས་་བྱས་པའི་རྐྱེན་ལས་ཚུར་མཐོང་དང་དག་གཟིགས་རིག་པ་ལ་སྦྱང་བ་མི་དམན་ཡང་དྲང་བདེན་གྱི་བློ་ཁ་ཡང་ བའི་དྲོད་ཆུང་ཤྲྰིས་སྨྱོན་པས་གང་ཤར་དུ་བྲག་ཅ་རྒན་པོའི་གདམས་གླུ་འདི་ཐོལ་བྱུང་དུ་ཕུལ་བ་དོན་དང་ལྡན་པ་གྱུར་ཅིག །དགེའོ། །