གདོང་འབག་འོག་གི་གཅེར་གཟུགས།



མི་ཁོམ་པའི་རྒྱལ་སྲས།

སྤུན་ཟླ་ཚོ། ང་ལ་བཤད་རྒྱུ་ཞིག་ཡོད་ཀི ཡིན་ཡང་ངས་དྲ་ཐོག་ནས་ཆོས་འདུལ་བ་དང་ལམ་རིམ་སོགས་ཀྱི་གསུང་ཚིག་གསེར་ཞུན་འདྲ་བོ་དག་ཁྱེར་ཡོང་དེ་མི་བཤད་ལ་ཚད་མའི་གཞུང་ལུགས་གང་ནས་ལུང་གི་རྒྱབ་རྟེན་བཙལ་ནས་ཁྱེད་ཅག་གི་མགོ་རྨོངས་པར་ཀུན་ནས་མི་བྱེད།

ང་ཚོ་མི་སུ་དང་སུ་ཡིན་རུང་ངོ་སོ་ལ་དུངས་ཞེན་ཟབ་ཅིང་ཅལ་འདྲོགས་ལ་མོས་པ་དྲག་པོས་དབང་གིས་ནམ་རྒྱུན་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་མི་རང་རང་ལ་འོས་ཤིང་འཚམས་པའི་གདོང་འབག་རེ་གྱོན་ཏེ་རང་ལ་མི་དབང་བའི་བྲོ་གར་སྣ་ཚོགས་ཤིག་འཁྲབ་སྲིད་པ་ཆོས་ཉིད་རེད། དེ་ནི་གདོང་འབག་དེ་ཡོད་པས་རེད་ལ་སུ་ཞིག་གི་ཨོང་ཤ་དེ་ཞིམ་པས་རེད། ཡང་ན་རང་རང་ཚོ་འཁྲབ་སྟོན་ལ་བདེ་བས་རེད། གདོང་འབག་དེ་ང་ལ་ཡོད་ལ་ཁྱོད་དང་ཁོ། ད་རུང་ཁོ་མོ་ཚོས་ཀྱང་མདོག་མི་འདྲ་བའི་འཕྲོད་འཕྲོད་འགྲིག་འགྲིག་རེ་གྱོན་ནས་ཡོད། འདི་ནི་ང་ཚོ་མི་རང་ཉིད་ལྐོག་ཏུ་ཡིབ་བྱེད་ཀྱི་ཡོལ་རས་དང་ཕ་རོལ་བའི་མིག་ནང་དུ་འོད་དུ་འཚེར་ཞིང་ཡིད་དུ་འོང་བའི་སྙིང་སྡུག་གི་སྒྱུ་འཕྲུལ་ལྷ་མོ་དེ་ལགས། ངས་ནམ་རྒྱུན་བསམ་པའི་ནང་དུ་ང་དང་ང་འདྲ་བའི་འཇིག་རྟེན་གྱི་སྐྱེ་བོ་མང་པོ་ཞིག་སྐྱེས་པ་ནས་འཆི་བའི་བར་དུ་གདོང་འབག་འོག་ཏུ་ཉམ་ཐག་དང་ཐབས་སྡུག་གི་མི་ཚེ་བསྐྱལ་བཞིན་པ་ལས་ནམ་ཡང་མི་རང་ཉིད་ངོ་མ་དེ་རྙེད་ཐུབ་ཀི་ཡོད་པ་མ་རེད་འདོད་ཡོད། ང་ཚོས་ནམ་ཡང་རང་ཉིད་ངོ་མ་དེ་བཙལ་དགོས་ལ་རང་ཉིད་ངོ་མ་ཞིག་མངོན་པར་བཞེངས་དགོས། འདི་ནི་ངས་རྙེད་པའི་རང་ལུགས་ཡིན་ལ་ཁྱེད་ཅག་ལ་མཁོ་བའི་གདམས་ངག་ཀྱང་ཅི་ལ་མིན། ད་ནི་ང་ཚོས་ཐབས་བརྒྱ་ཇུས་སྟོང་དང་བློ་ཐག་རྦད་ཆོད་ཀྱིས་རང་རང་གི་གདོང་འབག་དེ་དམར་བཤུ་བྱེད་པར་བརྩོན་ལེན་བྱེད་དགོས། གདོང་འབག་འདི་ཡོད་པས་ང་ཚོས་མི་ལུས་ཁྱི་ལུས་སུ་བསྒྱུར་ཞིང་ཁྱི་ལུས་ལྷ་སྐུ་རུ་བཞེངས་མྱོང༌། གདོང་འབག་འདི་ཡོད་པས་ང་ཚོས་ཕོ་ལུས་མོ་ཁ་བཞིན་སྙན་ཞིང་མོ་ལུས་དར་གོས་ལྟར་འཇམ་སོང༌། གདོང་འབག་འདི་ཡོད་པས་ཕྱུག་པོའི་སྐྱག་པའང་གསེར་ཡིན་ལ་མེད་པོའི་མི་ལུས་ཀྱང་ཐལ་རེད། གདོང་འབག་འདི་ཡོད་པས་མིས་མི་ཟ་ཞིང་ཅ་ལག་ཅ་ལག་ཏུ་རྫུས་སོང༌། འདི་དག་ཡོད་ཚད་ང་ཚོས་གདོང་འབག་གི་འོག་ཏུ་རོལ་བའི་འཚོ་བ་རེད་ལ་གདོང་འབག་གིས་ང་ཚོ་བསླུ་བའི་བཀོད་འདོམས་རེད། མི་ཚེ་ནི་མ་གཞི་ནས་གར་སྟེགས་ཞིག་ཡིན་རུང་འཚོ་བ་ནི་ངེས་པར་དུ་སྐྱོ་གར་ཞིག་ཅི་ལ་འཁྲབ་དགོས་ཨང༌། རེད་ཡ། འཚོ་བ་རོལ་མཁན་དེ་ང་ཚོ་ཡིན་པས་འཚོ་བའི་ལམ་ཁ་དེའང་ང་ཚོ་རང་ངོས་ནས་འདེམས་ན་ཅིས་མི་ཆོག དེ་ནི་རང་རང་གི་གདོང་འབག་སྦྲུལ་ཤུན་བཞིན་དམར་བཤུས་རྒྱབ་ཏེ་རང་ཉིད་སྒོང་ནང་གི་བྱ་ཕྲུག་ལྟར་བཀད་དགོས་པ་དེ་རེད། འདི་ནི་ང་ཚོ་ཕན་ཚུན་བར་དོན་དག་གང་དང་བྱ་ལས་ཅི་ཞིག་སྒྲུབ་ཀྱང་ངོ་ལྐོག་དང་མདུན་རྒྱབ་མེད་པ་ཡོང་རྒྱུའི་ཐབས་ལམ་གཙོ་བོ་དེའང་རེད་སྙམ། ང་ཚོ་སུ་ཡིན་རུང་རང་གི་གདོང་འབག་དེ་དམར་བཤུས་བྱས་ཏེ་བྲོ་གར་འདི་མ་འཆམ་པ་ཡིན་ན་ང་ཚོ་གནས་ཡོད་པའི་འཇིག་རྟེན་འདི་དང་སྤྱི་ཚོགས། འཚོ་བ་འདི་ཡང་དེ་འདྲའི་རྙོག་འཛིང་ཅན་དུ་འགྱུར་ག་ལ་སྲིད། ནམ་ཞིག་ང་ཚོས་ཁུར་བརྩོན་རྣམ་དག་བྱས་ཏེ་རང་ཉིད་ངོ་མ་དེ་རྙེད་པ་ཡིན་ན་རྒྱལ་ཁབ་དང་རྒྱལ་ཁབ། མི་རིགས་དང་མི་རིགས། མི་དང་མིའི་བར་གསེར་ཟམ་ལྟ་བུའི་ཡིད་ཆེས་ཞེས་པའི་མིང་ཚིག་འདི་གཉིས་རྙེད་ཐུབ་པས་ནམ་ཡང་ཕན་ཚུན་ལ་བློ་འཁེལ་ཞིང་སྙིང་འདྲིས་པོ་ཞིག་ལོས་ཡོང་སྙམ། གལ་ཏེ་དེ་འདྲའི་སྐལ་བཟང་གི་དུས་ཚིགས་གསར་བ་ཞིག་ཤར་བ་ཡིན་ན་ནམ་ཡང་ང་ཚོས་མི་འདོད་ནན་གྱིས་ཁུར་ཡོད་པའི་སེམས་ནང་གི་རྡོག་ཁྲེས་ལྕི་མོ་དག་རྒྱང་དུ་སྤྱུགས་ཆོག མ་ཟད་དེང་དུས་དར་ཁྱབ་ཆེ་བའི་ལྷ་རུ་སྤྲུལ་མཁན་དང་མི་རུ་རྫུས་མཁན། འདྲེ་རུ་འབོད་མཁན་དང་བདུད་དུ་འབབ་མཁན། ཁྱི་རྔ་ཅན་དང་ཝ་མགོ་ཅན། མདོར་ན་རྒྱལ་ཁབ་དང་རྒྱལ་ཁབ། མི་རིགས་དང་མི་རིགས། མི་དང་མི། ཕོ་དང་མོ། སྤུན་ཟླ་ཕན་ཚུན། གྲོགས་པོ་ནང་ཁུལ། ཁྱིམ་ཚང་གཞིས་གཅིག བཟའ་ཟླ་ཕན་ཚུན་བར་གྱི་གཡོ་སྒྱུ་དང་ངོ་སོ་དེ་སྲུང་མི་དགོས་པར་བློ་བདེ་བག་ཕེབས་ངང་ནང་སེམས་ཀྱི་འཁྲུག་རྩོད་དང་མི་མངོན་པའི་འཐབ་ར་ནས་ཁ་བྲལ་ཆོག འུ་ཅག་ཚང་མས་ནང་སེམས་གཅེར་གཟུགས་དང་རང་ཉིད་ཀྱི་ངོ་གདོང་དངོས་མ་དེ་ནམ་ཡང་ཕྱིར་འབུད་གཏོང་མ་ཐུབ་པར་དུས་དང་རྣམ་པ་ཀུན་ཏུ་ངལ་བརྒྱའི་རྔུལ་ཕྲེང་ཐོད་ལ་བཏེགས་ཏེ་རང་རང་གི་གདོང་འབག་སྟེང་དུ་ཁ་དོག་མང་པོའི་རི་མོ་བྲིས་ཤིང་སྒྱུ་རྩལ་ལྡན་པའི་འཁྲབ་སྟོན་བྱེད་བཞིན་ཡོད་པས་སྒྱུ་མ་མཁན་གྱིས་བཞེངས་པའི་རི་ར་བ་ཁང་ཁྱིམ་དང་གླང་ཆེན་རྟ་དང་རྨ་བྱ་ལ་སོགས་པའི་འདྲ་གཟུགས་བཅོས་མ་འདི་ཙམ་ལ་མགོ་རྨོངས་ནས་མི་ཚེ་ཟད་པ་ནི་ཅི་འདྲའི་ཡིད་ཕངས་པ་ཞིག་རེད་ཨང༌། སྤུན་ཟླ་ཚོ་རང་རང་གི་གདོང་འབག་རྩད་ནས་བཤུ་རོགས་ཀྱེ། རང་ཉིད་དམ་མི་ངོ་མ་དེ་རྙེད་དགོས་ན་གདོང་འབག་མཐུག་པོ་དག་བཤུ་རོགས། གདོང་འབག་ནམ་བཤུས་ཚར་ན་དེ་དུས་ང་ཚོས་བཤད་པའི་སྐད་ཆ་དག་དྲང་བདེན་དང་གནས་ལུགས་ཀྱིས་ཕྱུག་པའི་མི་སྐད་ངོ་མ་ཡིན་ངེས། དེ་དུས་སོ་སོའི་ལས་དོན་གང་ཞིག་སྒྲུབ་ཀྱང་རྒྱལ་ཁབ་དང་མི་རིགས། ཁོར་ཡུག་གི་མི་རྣམས་ལ་སྒྲུབ་པའི་སྲི་ཞུ་རྣལ་མ་ཡིན་ངེས་རེད་ལ། བདག་གཞན་སུ་ལའང་ཕན་ཐོགས་ཆེན་པོ་ཡོང་བའི་ལམ་ཁ་ཡག་ཤོས་དེ་ལགས་པས་ང་ཚོས་ཅིས་ཀྱང་ཚུལ་འཆོས་དང་གདོང་འབག་མཉམ་དུ་གད་སྙིགས་སུ་གཡུགས་ཞོག