གསེར་གྱི་གྲུ་གུ་སྒྲིལ་བ།

ལྷམ་ཀོག

སེམས་ལ་བཙུགས་པའི་བྱ་སྒྲོ་ལེབ་མོ་འཕུར་ཙམ་འཕུར་ཙམ་བྱས་པའི་ངང་། །

གསེར་གྱི་སྲོག་དབང་ཐུར་ཡུན་མ་ཞིག་རྨི་ལམ་ཁམས་སུ་ཞུགས་པའི་ཚེ། །

བདེན་པ་གཡུ་ཡི་སྒྲོལ་མའི་ཞལ་ཁ་བག་ཙམ་བག་ཙམ་ཕྱེས་པའི་ཉིན། །

སྤང་རྒྱན་བཅོ་ལྔའི་གསོལ་སྨན་གཅིག་བུས་ལུས་སེམས་གཉིས་ཀ་སྤྲུག་སྤྲུག་བྱེད། །

དམར་སེར་མེ་ཏོག་ཚོམ་བུའི་ཕོན་ཞིག་གཟེབ་དྲའི་གསེབ་ཏུ་ལྷུང་བའི་ཉིན། །

སྤྲིན་པས་འགུལ་ལྕོག་བརྒྱབས་པའི་ཤུགས་ལས་ས་གཞི་འདར་ཞིང་ཉི་ཟླ་འདར། །

རླུང་གི་རྒྱ་གྲམ་རལ་བའི་ཉམས་ཤིག་ཡོང་ཡོང་འདྲ་ལ་འཇིགས་འཇིགས་འདྲ། །

མཆེ་བ་གཙིགས་པའི་ཁྲོ་ཞལ་ཅན་དག་བྲོས་པ་འདྲ་ལ་བཟིམ་པ་འདྲ། །

མཉེན་འཇམ་སྤེན་པའི་དབུ་ལོར་འཕོག་པའི་བ་མོ་ནག་པོའི་རྩུབ་གཅོད་ཀྱིས། །

རི་ལྗོངས་བསྲེགས་ཤིང་རླུང་བུ་འཁྲུག་པའི་ཉམས་ངའི་སྣང་བ་ཤར་བའི་སྐབས། །

བསང་གསོལ་དུ་ཞགས་བསྐྱིལ་བའི་ཀློང་ན་ཚེ་ཡི་རྒྱུན་ཐག་འདོགས་པའི་བུ། །

འཛུམ་པའི་གདོང་ལ་སྐྱོ་བའི་ཉམས་ཆགས་སྐྱིད་པའི་ལང་ཚོ་གབ་ནས་ཡོད། །

བཤུངས་པའི་ལོ་ཟླ་རྦབ་ཏུ་སྒྲིལ་བའི་ལས་ཀྱི་བྱེད་པོ་གང་དུ་ཡོད། །

དམིགས་མེད་སེམས་པ་བྱ་ལམ་རྡོ་འཕྲད་ལུས་ལ་གཟན་པའི་སྐས་རྐང་ནས། །

མུར་ཅོར་སྨྲ་ལ་རྒྱབ་རྟོན་བྲལ་བས་ནམ་མཁའི་སྐར་མ་ཞུམ་པའི་ཉིན། །

དིང་གླིང་དབྱངས་ཀྱི་འགྱུར་ཁུག་འདི་ལ་སེམས་ཆུ་བཞུར་བའི་ཡི་གེ་འཁོར། །

ལྷ་རྒྱལ་ལོ།

ལོ་རྒྱུས་སྒལ་གཞུང་འབྲད་པའི་ཤུལ་ཏུ། །

སྟག་གི་ཐིག་ལེ་བབ་པ་འདྲ་བོ། །

འབྲོང་ཚའི་བུ་རྒྱུད་རྫིག་མདོག་ཆེ་བ། །

མཇིང་བ་སྦོམ་ལ་རུ་ཐུར་ངོམ་ཤོག།

རི་བོ་འདར་ཞིང་ཆུ་བོ་དཀྲུགས་དུས། །

སྲིད་འགྱུར་ལྕགས་ཀྱི་གོ་འཁྲབ་གྱོན་ནས།

བློ་མིག་གཟི་ཐིག་ཁྲ་ཤན་མ་བོ། །

རང་ས་སྡོམ་པའི་ཤེད་དུ་རྐྱོང་ཤོག།

དམངས་ཀྱི་སྲོག་སྙིང་དྲོད་ཁོལ་གྱི་ལེར། །

རེ་བའི་མིག་ཟུང་མཆི་མ་ཕྲོམ་མེར། །

འཇུར་བསྒགས་གཟེབ་ཀྱི་དྲ་ཕད་ཅིག་ནས། །

ལག་ཟུང་རུབ་ནས་རྟེན་འབྲེལ་ཞུ་འོ། །

༢༠༡༡ ༤ ༢༧