གྲྭ་ས་ཁག་ཏུ་བརྡ་འཕྲིན་ཡོ་ཆས་བཀག་སྡོམ་ལ་བསམ་འཆར་བཤད་པ།

དྲི་བ་འདོན་མཁན། སྤྱན་ཆབ། དྲིས་ལན་འདེབས་མཁན། ཧོར་པ་ དཀོན་མཆོག་དར་རྒྱས།

དྲི་བ།

གྲྭ་ས་ཁག་ནས་རྩིས་འཁོར་དང་ཁ་པར་སོགས་བརྡ་འཕྲིན་ཡོ་ཆས་རིགས་བཀག་སྡོམ་བྱེད་ཀྱིན་པར་ཉིད་ལ་དགོངས་ཚུལ་ག་རེ་ཡོད།

དྲིས་ལན།

ཐུགས་རྗེ་ཆེ་ལགས། དེའི་སྐོར་ལ་སྤྱི་བཏང་ནས་བསམ་འཆར་ཟེར་ན་ཡང་འདྲ། ཡག་ཉེས་འདི་དང་འདི་འདུག་ཞེས་ཐད་གར་ཞུ་ཤེས་ས་མ་རེད། འདི་ནི་གསར་པ་ཞིག་གང་ཡང་མ་རེད། སྔོན་མ་ནས་དགོན་སྡེ་ཁག་གི་དགེ་རྒན་རྣམས་ལ་བཤད་གྲྭ་བའི་ཐོག་སྒྲིག་གཞི་སྟངས་འཛིན་བྱེད་ཕྱོགས་ཐད་དཀའ་ངལ་ལྟ་བུ་ཞིག་ཆགས་ཡོད། འོན་ཀྱང་། དེ་རིང་ང་ལྟ་བུ་གང་ཟག་ཕལ་བ་ཞིག་གིས། དགེ་འདུན་པ་རྣམས་ལ་འཕྲུལ་རིགས་ཡོ་ཆས་དེ་ཚོ་ཉར་བཅུག་དང་མི་བཅུག དེ་ལ་དགོས་པ་དང་རྒྱུ་མཚན་འདི་དང་འདི་ཡོད་ཟེར་ནས་ཐག་བཅད་མི་ཤེས་ལ། གཏན་ནས་མ་ཉར་ཟེར་ཡང་ག་ལ་ཤེས།

ཡིན་ན་ཡང་། ང་ལ་མཚོན་ན་རྩིས་འཕྲུལ་གཙོ་བོ་གྱུར་པའི་འཕྲུལ་ཆས་རིགས་ལ་དགའ། འཕྲུལ་རིགས་ལ་རྟེན་ནས་ཐོས་བསམ་ལ་ཅུང་ཟད་འཐུས་ཤོར་སོང་ཡོད་ངེས་པ་དང་། དེའི་ཞོར་དུ་རྩིས་འཕྲུལ་རིགས་ལ་ཅུང་ཟད་གོམ་འདྲེས་དང་ཕན་ཐོག་ཡང་བྱུང་སོང་། ད་རེས་དགོན་སྡེ་ཁག་གི་བཤད་གྲྭའི་ནང་གཙོ་བོ་བཀག་སྡོམ་བྱེད་བཞིན་ཡོད་ན། ཕལ་ཆེར་ལག་ཁྱེར་ཁ་པར་རིན་ཐང་ཆེན་པོ་ཅན་དང་། བྷག་བྷག་སྟེ་འཕྲུལ་རྟ། རླངས་འཁོར་རིགས། རྩིས་འཕྲུལ་འམ་གློག་ཀླད་ཆེ་ཆུང་སྐོར་ནས་མང་པོ་ཞིག་ཚོད་འཛིན་བྱེད་བཞིན་ཡོད་ཀྱི་རེད། དེ་ཚོ་སྐོར་ཞིག་ནི་སྤྱི་བཏང་ནས་རབས་བྱུང་བ་དང་ཆོས་པ་རྣམས་ལ་གཏན་ནས་མི་དགོས་ཀྱི་དེ་རེད། རླངས་འཁོར་རྫིག་པོ་དང་། ཁ་པར་རྩིས་འཕྲུལ་རྫིག་པོ་ཁུར་ནས་རྫིག་ཉམ་སྟོན་པ་ནི། སྤྲང་པོའི་ལུང་པ་ཁ་ཤས་དང་ཤེས་ཡོན་གྱིས་ཕྲ་བའི་གང་ཟག་རེ་དགའི་མིག་ལ་མཛེས་ན་ཡང་། ཤེས་ལྡན་པ་དང་ཆོས་པ་རྣམས་དག་ཚོའི་མིག་མདུན་དུ་དེ་ཙམ་གྱིས་མི་མཛེས་ཤིང་། རྒྱ་ཆེ་མང་ཚོགས་མཁྱེན་ལྡན་པ་རྣམས་ཀྱི་མཐོང་ས་ན་ཁྲེལ་དགོད་ལངས་བྱེད་ལྟ་བུ་ཞིག་ལས་གཞན་དགེ་མཚན་ཆེན་པོ་མེད་ངེས། དེའི་སྐོར་ལ་ཏོག་ཙམ་རྒྱུས་མངའ་མེད་ན་ནི། མ་འོངས་བའི་གཞོན་རབས་རྣམས་ཀྱི་གནོད་ཤུགས་འོག་ཆོས་པ་རྣམས་ཀྱང་རྗེས་ལུས་གྲལ་དུ་ཚུད་པ་དང་། སྤྱི་ཚོགས་ཁྲོད་གྲྭ་བ་བླ་མ་ཟེར་དུས་གཅིག་གཉིས་རེ་མ་གཏོག་མང་ཆེ་བ་གླེན་པ། དེང་རབས་ཀྱི་ཤེས་ཡོན་ལ་མགོ་བོ་འཐོམ་མཁན་གྱི་གྲལ་དུ་རྩི་ཞིང་། སེམས་ཁམས་སུ་ཕན་སེམས་རེ་ཡོད་ཀྱང་མདུན་སྐྱོད་ཀྱི་སྒོ་མོ་མང་པོ་ཞིག་རིམ་གྱིས་འགག་འགྲོ་གི་རེད་བསམ་གི་འདུག དེ་ཚོ་ལ་ད་ལྟ་ནས་བསམ་བློ་གཏོང་དགོས་ངེས་རེད།

ང་སྔོན་ཆད་དྲྭ་ཁང་ནང་མང་པོ་འཛུལ་མྱོང་། གྲྭ་བཙུན་གཞན་པ་རྣམས་ཀྱང་ང་དང་གཅིག་མཚུངས་རེད། ང་ཚོ་ཚང་མའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་བརྡ་འཕྲིན་གྱི་དུས་རབས་ཁྲོད་དུ་གོམ་སྟབས་བསྒྱུར་དགོས་པ་དང་། འཚོ་གནས་དགོས་པ་མ་ཟད། ལྷག་པར་དུ་བོད་མི་མང་ལ་མཚོན་ན་ཡང་རྒྱུ་རྐྱེན་མང་པོ་ཞིག་གིས་མི་སྐྱ་དང་། གྲྭ་བཙུན་དབྱེ་བ་མེད་པར་བརྡ་འཕྲིན་གྱི་དུས་རབས་འདིའི་ནང་གི། ཡོ་ཆས་མང་པོ་ཞིག་གལ་ཆེན་དུ་མཐོང་གི་འདུག སྔོན་ཆད་གྲྭ་བཙུན་མང་པོ་ཞིག་ནམ་རྒྱུན་རྩིས་འཕྲུལ་སོགས་ལ་ལག་པའི་ཐུག་རག་མ་མྱོང་བའི་དབང་གིས། དྲྭ་ཁང་ཞིག་གི་ནང་བསླེབས་པ་དང་། རང་བཞིན་གྱིས་དེའི་སྐོར་ལ་མགོ་བོ་འཐོམ་འཐོམ་ཆགས་བཞིན་ཡོད་པས། དྲྭ་ཁང་དུ་འགྲོ་སྐབས། རོགས་པ་ཁྲིད་ནས་འགྲོ་བའམ་འཕྲིན་ཡིག་ཐུང་ངུ་རེ་གཏོང་བ་དང་། འདྲ་པར་རེ་དྲྭ་ལམ་རྒྱུད་ནས་གཏོང་དགོས་ཚེ་དྲྭ་ཁང་བདག་པོ་ལ་སྐད་གཏོང་གི་ཡོད་པ་མང་པོ་མཐོང་མྱོང་ལ། དེ་དག་མཐོང་ཡོང་དུས་ཁོང་རྣམ་པས་དེ་དག་ཅུང་ཟད་རེ་ཤེས་ན་ཅི་མ་རུང་བསམ་པ་ཡིད་ལ་ཐེངས་མང་པོ་འཆར་མྱོང་། དེ་ནི་ཤེས་ཡོན་པ་ཞིག་ཡིན་པས་ཆ་ནས་དུས་རབས་ཀྱི་རྗེས་མ་ཆོད་པ་ལྟ་བུ་དང་། དུས་རབས་ཀྱི་མི་རྣམས་ཀྱིས་རྗེས་སུ་རྩིས་འཕྲུལ་དང་བརྡ་འཕྲིན་བེད་སྤྱོད་མ་བཏང་ནས་ཡག་པོ་རེད་ཟེར་གི་མ་རེད། དུས་རབས་ལ་མཁོ་བའི་ཅ་དངོས་བེད་སྤྱད་མ་ཤེས་ན་དུས་རབས་ཉེར་གཅིག་པའི་གྲྭ་བཙུན་ཞིག་ཀྱང་ཇི་ལྟར་ཆགས་དགོས།

དེ་ནི་༧་ཞི་བདེའི་མགོན་པོ་མཆོག་གིས་ནམ་རྒྱུན་དུས་རབས་ཉེར་གཅིག་པའི་གྲྭ་བཙུན་ཞིག་བྱེད་དགོས་གསུང་པ་དེའི་ཆ་ཤས་ཤིག་ཏུ་བགྲངས་དགོས་ངེས་རེད་བསམ་ནས་བེད་སྤྱོད་གཏོང་དགོས། གང་ལྟར་དུས་རབས་འདིའི་ནང་གི་སྤྱི་ཚོགས་དང་མཉམ་དུ་གཤིབ་ཏེ་ཁ་མ་བྲལ་བའི་སྒོ་ནས་མདུན་དུ་སྐྱོད་འདོད་ན། རྗེ་བཙུན་མི་ལ་ནང་བཞིན་མ་ཡོང་ནས་བཟུང་སྟེ། ཅི་དང་གང་ལ་ཐུག་ཀྱང་དགོས་ངེས་ཤིག་རེད་བསམ་གི་ཡོད། དེ་ནི་གྲྭ་བཙུན་རྣམས་ཀྱིས་བག་མེད་དང་སྒེར་དོན་ཆེད་དུ་མ་ཡིན་པར། མཐའ་གཉིས་སུ་མ་ལྷུང་བའི་ལམ་ཞིག་བཙལ་ནས་བརྡ་འཕྲིན་གྱི་དུས་རབས་ཀྱི་རྗེས་བརྙེག་དགོས་ལ། ང་རང་སྒེར་གྱི་ངོས་ནས་གལ་ཆེན་འགང་ཆེན་དུ་བརྩི་གི་ཡོད། ང་དང་འདྲ་བའི་གྲྭ་བཙུན་རྣམས་ལ་དེའི་སྐོར་ནས་རང་དབང་ཚད་ལྡན་ཞིག་སྤྲོད་དགོས་ངེས་དང་། གྲྭ་བཙུན་རྣམས་ཀྱིས་ཀྱང་འབྱོར་ལྡན་ཡིན་མིན་གྱི་རྒྱུ་ངོམ་བྱེད་ཆས་ཙམ་མིན་པར་དེ་དག་རན་པོ་ཞིག་བེད་སྤྱོད་ཐུབ་ན་དགེ་མཚན་ཆེ་ངེས་སོ། །

རེད་དེ། ཕྱོགས་གཞན་ཞིག་ནས་ཚུལ་མིན་གྱི་སྤྱོད་པ་ལ་དགའ་བ་རེ་བཟུང་གིས། དེ་ཚོ་ལོག་ལམ་དུ་བེད་སྤྱོད་གཏོང་སྲིད་པ་མ་ཟད། ལག་ཏུ་དེ་འདྲ་ཞིག་རག་མ་ཐག་དེ་ལ་མཐའ་གཅིག་ཏུ་གཡེང་ནས། ཐོས་བསམ་སྒོམ་གསུམ་གྱི་བྱ་བ་མང་ཆེ་བ་འཐུས་ཤོར་འགྲོ་སྲིད་པ་དངོས་ཡོད་དང་། དེ་ལྟར་བསམ་ན། དེ་ལ་དགེ་བའི་ཆ་གཅིག་དང་། སྐྱོན་གྱི་ཆ་སྟེ་གཉིས་ཡོད་ངེས་རེད།

དེ་ནི་དཔེར་ན་མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་གི་བཀའ་སློབ་སྙིང་བསྡུས་”དུས་ཐོག་ཆར་པ་@འི་ནང་དུ། ཁོང་གིས། བོད་ནང་དུ་གྲྭ་བཙུན་རྣམས་ཀྱིས་རྒྱ་ཡིག་སྦྱོང་གི་འདུག ཕྱོགས་གཅིག་ནས་ལག་ལེན་ཡག་པོ་སྟར་ན་ནི། ཤེས་ན་ཧ་ཅང་ཡག་པོ་འདུག ནུབ་ཕྱོགས་སུ་དར་བའི་དེང་རབས་ཚན་རིག་སྐོར་གྱི་ཤེས་བྱ་མང་ཆེ་བ་དང་། འཛམ་གླིང་གི་གནས་སྟངས་མང་པོ་ཞིག་རྒྱ་ཡིག་ནང་བསྒྱུར་ཡོད་དུས། དེ་དག་ཤེས་པ་ལ་ཕན་ཐོག་ཆེན་པོ་འདུག་བསམ་གྱི་ཡོད། ཁ་ཅིག་གིས་ནི། རྒྱ་སྐད་རེ་ཤེས་ན། རྒྱ་ཡུལ་སོགས་ཡུལ་གྲུ་གཞན་དུ་སོང་སྟེ། རྒྱ་གྲོང་ཉུལ་ནས་སྒེར་གྱི་འཚོ་བ་སྒྲུབ་པ་གཅིག་པུ་ལས། གཞན་བསྟན་དང་འགྲོ་བའི་དོན་སོགས་ལ་དམིགས་ཡུལ་གཞན་མེད་པ་དང་། སྐད་ཡིག་སྦྱོང་བ་ལ་དེ་ཙམ་ལས་ཕུག་བསམ་མེད་ན་ནི་གྲྭ་བཙུན་རྣམས་ལ་དགོས་མཁོ་མི་འདུག དེ་ལ་རྟེན་ནས་ད་ལྟའི་བར་གྲྭ་བཙུན་རྣམས་ལ་སྐད་ཡིག་སྦྱོང་ཤོག་ལབ་ནས་དམིགས་གསལ་སྐུལ་མ་ཡང་བྱས་མེད་ལ། མ་སྦྱང་ཟེར་ནས་བཀག་ཀྱང་མེད་གསུངས་འདུག དཔེ་དེ་ནང་བཞིན་ལས་སླ་མོའི་ངང་ནས་ཐག་ཆོད་རྒྱུ་ཞིག་མིན་ཡང་།

དེ་ནི་ཕྱོགས་གཅིག་ནས་གྲྭ་བ་དང་ཨ་ནེ་གཅིག་པུའི་གནད་དོན་གང་ཡང་མ་རེད། སྡེ་ཚན་སོ་སོའི་སློབ་གྲྭ་ཡོངས་ལ་འཕྲད་བཞིན་པའི་གནས་སྟངས་རྫབ་ཆེན་ཞིག་རེད་བསམ་གི་འདུག དེ་ལྟར་བསམ་ན། དགོན་པ་རྣམས་ཀྱིས་ཆོས་པ་ཆོས་པ་ལ་རན་པའི་ཁྲིིམས་ལུགས་ཤིག་དང་། སློབ་གྲྭ་་སློབ་གྲྭ་ལ་རན་པའི་སྒྲིག་གཞི་ཞིག་དགོས་ངེས་དང་། ལྷག་པར་དུ་གྲྭ་ས་ཁག་ནི། ཆེད་དུ་སློབ་གཉེར་བྱེད་ས་ཞིག་ཡིན་པས་ཆ་ནས། ཚོད་འཛིན་ཞིག་དང་སྒྲིག་གཞི་རན་པོ་ཞིག་བཟོ་དགོས་པ་ནི། ཏན་ཏན་སློབ་གཉེར་བ་ཡོངས་ལ་གལ་ཆེན་དུ་མཐོང་སོང་། ཡང་གཏན་དུ་ཉར་མི་ཆོག་པའི་སྒྲིག་གཞི་དེ་འདྲ་བཞག་ག་ལ་ཡོད། ཕྱོགས་དང་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་མཁས་པའི་དབང་པོ་རྣམས་མཉམ་དུ་འདུས་དགོས་ན་འདྲ། གང་ལྟར་དེའི་སྐོར་ལ་ཞིབ་གཤེར་གནང་། ཐུགས་བསམ་གཏོང་དགོས་ངེས་རེད་མ་གཏོགས་དུས་རབས་ལ་མཁོ་གལ་ཆེ་བའི་ཡོ་ཆས་དང་ཁ་གྱེས་ནས་བསྡད་ན་དམིགས་གསལ་གྲུབ་འབྲས་གང་ཡང་ཐོན་གི་མ་རེད་ལ། དེ་ནི་བསམ་བློ་གུ་ཡངས་པོ་ཞིག་བཏང་ནས་མ་འོང་པ་རིམ་གྱིས་དེ་དག་སློབ་སྦྱོང་གི་ཆ་ཤས་སུ་བཞག་ནས་བེད་སྤྱོད་ཡག་པོ་ཞིག་གཏོང་རྒྱུ་ལ་འབད་རྩོད་བྱས་ན་བཟང་གི་རེད།

དོན་དངོས་སུ་བསམ་བློ་བཏང་ན། གནའ་ནས་ད་བར་དགེ་འདུན་གྱི་སྡེ་ཡོད་ས་ནི། དབེན་ཞིང་དོན་དང་བྱ་བྱེད་ཉུང་བ། ཞི་ཞིང་ལྷིང་འཇགས་ལྡན་པ་ཞིག་ཡོད་དགོས་པ་དང་། སློབ་གཉེར་བ་ལ་དེ་ནི་ཤིན་ཏུ་ནུས་ཀྱང་གལ་ཆེན་པོ་ཞིག་ཡིན་པས། མཐའ་གཅིག་ཏུ་བོད་རྒྱུད་ནང་བསྟན་འཛིན་་པའི་གྲྭ་བཙུན་རྣམས་ལ་དུས་རབས་ཀྱི་ཡོ་ཆས་འདི་དག་ལྷ་ཞི་དྲགས་མཚོན་པའི་མེ་ཏོག་དང་རལ་གྲི་སོགས་ནང་བཞིན་མེད་ཐབས་མེད་པ་ཞིག་ག་ལ་ཡིན། འཕྲུལ་ཆས་སོགས་ཟང་ཟིང་གི་རིགས་རྣམས་དགོས་ངེས་ཅན་ཞིག་ཡིན་པ་མི་སྲིད་ན་ཡང་། དེང་སྐབས་བརྡ་འཕྲིན་གྱི་དུས་རབས་འདིའི་ཁུག་ནས། འཛམ་གླིང་ཆོས་པ་ཡོངས་དང་། ནང་དགོས་རང་རེ་བོད་རྒྱུད་ནང་བསྟན་འཛིན་པའི་གྲྭ་བཙུན་རྣམས་ལ་རྒྱ་ཆེ་ས་འཛམ་གླིང་ཞི་བདེ་དང་། ནང་དགོས་སུ་བོད་མིའི་བདེ་སྡུག་སོགས་སྐད་ཡིག་གི་འཆི་གསོན་ཚུན་ཆད་གྲྭ་བཙུན་རྣམས་ཀྱིས་ད་ལྟའི་བར་ཞབས་ཏོག་གང་ལེགས་རྒྱ་ཆེ་ཞུས་དང་ཞུ་བཞིན་ཡོད།

ད་དུང་གྲྭ་རྐྱང་ཚོས་རམ་འདེགས་བྱེད་འོས་ཤིང་དགན་ཆེན་པོ་ཡོད་པ་དང་། དེ་ནི་ཉན་ཐོས་རྣམས་དང་འདྲ་བར་དོན་དང་བྱ་བ་ཉུང་བ་མ་ཡིན་པར། ཐེག་པ་ཆེན་པོ་རྣམས་འཇིག་རྟེན་དང་། ལུས་དང་གྲིབ་མ་བཞིན་དུ་འགྲོག་ནས་དོན་དང་བྱ་བྱེད་མང་བ་ལ་འབད་ནས། གཞན་དོན་ཁོ་ནར་སྤྱི་ཚོགས་དང་ཁོར་ཡུག་བར་གཞན་ཕན་ཁ་ཡོད་ལག་ཡོད་དུ་ཞུ་དགོས་གསུངས་པ་ནང་བཞིན། དེ་ལྟར་བསམ་ནས། དེའི་སྐོར་ལ་ཤུགས་གནོན་རྒྱག་དགོས་པ་དང་། དེ་ཉིད་འཛིན་སྐྱོང་སྤེལ་གསུམ་ལ་མེད་ཐབས་མེད་པ་གལ་ཆེ་བ་གཅིག་ནི་འཛམ་གླིང་བརྡ་འཕྲིན་འདི་རེད། དེའི་ཕྱོགས་སུ་བསམ་བློ་རེ་བཏང་ན། དགོན་པ་ནས་བརྡ་འཕྲིན་རིགས་ཉུང་རུ་བཏང་ན་ཅུང་ཟད་མི་ལེགས་པ་དང་། བོད་ཀྱི་སྐད་ཡིག་ལ་བསམ་ན་རྒྱ་གར་བའི་ལྷ་སྐད་དུ་འབོད་པའི་ལེགས་སྦྱར་ཀྱི་སྐད་ཡིག་ཅི་བཞིན་ཆེད་ལས་པ་ཁ་ཅིག་གིས་ངག་དང་། ཡི་གེ་གྲགས་ཅན་ཞིག་ཡིན་རབས་བཤད་ནས་བཤམས་ནས་འཇོག་རྒྱུ་ཙམ་མ་ཡིན་པར། སྤྱི་ཚོགས་དང་ཁོར་ཡུག་བར་གྱི་ཆོས་གཅིག་པུ་དང་། མི་དང་མིའི་བར་གོ་བརྡ་ཐུག་ཙམ་གྱི་ཚད་ལ་མི་འཇོག་པར། དུས་གསར་གྱི་འཚོ་བ་དངོས་ཀྱི་འགྲོས་དང་བསྟུན་ནས་ཚན་རིག་དང་ཚོང་ལས་དཔལ་འབྱོར་གྱི་ལས་རིགས་ཁྲོད་དུ་ཁྱབས་སྤེལ་གཏོང་ཐབས་ལ་སྐྱ་སེར་དབྱེ་བ་མེད་པར་ཚང་མའི་འབད་དགོས་པས་ན་དེ་ཡང་བསམ་བློ་གཏོང་ས་ཞིག་དང་། ཉེན་ལྡན་ཅན་གྱི་རང་རེ་བོད་ཀྱི་སྐད་ཡིག་འདི་སྤྱི་ཚོགས་འཚོ་བའི་ཁྲོད་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་ཐབས་ལ་འབད་པ་གནང་མ་ཐུབ་ཚེ་ནམ་ཞིག་ལེགས་སྦྱར་སྐད་ཀྱི་རོགས་ཟླ་མི་ཆགས་རྒྱུ་སུ་ཡིས་ཐག་གཅོད་ནུས།

ང་ལ་མཚོན་ན། ངའི་གྲྭ་ས་ནི་སྔ་འགྱུར་རྙིང་མའི་གདན་ས་རྣམ་གྲོལ་གླིང་རེད། ང་རང་དེ་གར་ཡོད་དུས་དགེ་སྐོས་དང་མཁན་སློབ་རྣམ་པས་རྩིས་འཕྲུལ་དང་ལག་ཁྱེར་ཁ་པར་རིགས། དཔེ་ཁྲིད་དང་རང་སྦྱོང་སྐབས་སུ་བེད་སྤྱོད་གཏོང་མི་ཆོག་པ་དང་། གལ་སྲིད་གཏོང་བཞིན་ཡོད་པ་མཐོང་ན་འཕྲོག་འགྲོ་གི་ཡིན་ཞེས་ཁྲིམས་དེ་འདྲ་ཞིག་གཏན་འབེབ་བྱས་འདུག་ལ། དེ་ནི་དངོས་གནས་ཁ་ཡོད་ལག་ཡོད་ལ་ལག་ལེན་ཡང་སྟར་གནང་གི་འདུག ང་ཕ་ཡུལ་དུ་ཡོད་དུས་ནས་འཕྲུལ་རིགས་ལ་ཧ་ཅང་དགའ་མཁན་ཞིག་ཡིན། ང་ལ་དམིགས་གསལ་ཐ་ན་སྒྲ་བསྡུད་འཕྲུལ་ཆས་ཚུན་ཆད་ཉར་རྒྱུ་དང་ཉན་རྒྱུ་དགའ་མཁན་ཞིག་ཡིན་པས། ངའི་ལག་ནས་འཕྲུལ་རིགས་ཁ་ཤས་ཤིག་དགེ་སྐོས་རྣམས་ཀྱི་ཕྱག་ཏུ་ཤོར་བ་དང་གཟའ་འཁོར་རེ་རེ་ལ་ཕྱིར་མ་སྤྲད་པ་བྱུང་མྱོང་། ཁྲིམས་འདི་ནི་ངས་མཐོང་སྣང་་ལ་རན་པོ་དང་གུ་ཡངས་ལྟ་བུ་མཐོང་གི་ཡོད། གང་ཡིན་ཟེར་ན། དེ་ནི་དགོན་པའི་རྒྱུན་ལས་ཚང་འཛོམས་ཐོག་དེའི་སྐོར་ལ་དགེ་སྐྱོན་གླེང་སློང་བྱས། མཐའ་མ་ཐག་བཅད་དེ་དགེ་འདུན་མང་ཚོགས་ལ་བསྒྲགས་ཟིན་པ་ཞིག་ཡིན་དུས་རྒྱུ་མཚན་ཡང་མཐོང་གི་འདུག་ལ། ད་དུང་སྣང་མེད་དུ་བེད་སྤྱད་བྱས་པ་ཡིན་ན་མཇུག་འབྲས་དེ་ལས་ཡོང་རྒྱུས་མེད་པ་གསལ་པོ་ཆགས་ཟིནས་པས་རེད་འདོད་དོ། །

གྲྭ་ས་གཞན་པ་རྣམས་ཀྱིས་ཀྱང་དང་པོ་དགེ་འདུན་པ་རྣམས་ལྷན་གཅིག་ཏུ་ཚོགས་དགོས་ན་འཚོགས། དགོན་པའི་རྒྱུན་ལས་རྣམས་པ་འཚོགས་དགོས་ན་ཚོགས་རྗེས། འཕྲུལ་རིགས་ཀྱི་སྐོར་སློབ་གཉེར་བའི་ཇི་ལྟར་བེད་སྤྱོད་གཏོང་དགོས་མིན་དང་། དགེ་སྐྱོན་ཐེར་འདོན་བྱེད། དེའི་སྐོར་ལ་གྲོས་བསྡུར་རབས་དང་རིམ་པ་རྒྱུད་ནས་མཐར་ཚང་མའི་མང་མོས་ཀྱི་ཁྲིམས་ལུགས་ཤིག་བཟོ། དེ་ནི་སུ་དང་ཐུག་ཀྱང་ལག་ལེན་སྟར་ཐུབ་ན་རང་གཞན་གཉིས་ཀ་ལ་ཕན་ཐོག་ཏུ་འགྱུར་བར་མ་ཟད། གཞན་སུ་ལ་ཡང་གནོད་རྐྱེན་དུ་མི་འགྱུར་བ་མང་མོས་དང་། ཚང་འཛོམས་ཐོག་གྲོས་བསྡུར་བྱས་པའི་ཕན་ནུས་རེད་བསམ་གི་འདུག

ལྷག་དོན་དུ་དེང་སྐབས་དགོན་པ་སོ་སོ་ནས་སློབ་ཐོན་པ་ཧ་ཅང་མང་པོ་ལོ་ལྟར་ཐོན་བཞིན་ཡོད་པས། དཔེར་ན་རྣམ་གྲོལ་གླིང་ལྟ་བུ་ལ་མཚོན་ན་སློབ་ཐོན་པ་རྣམས་ལ་རང་དབང་ཆེན་པོ་ཡོད་པ་ནང་བཞིན། གཞན་པ་ཚོ་ཡང་གཅིག་པ་ཡིན་རྒྱུ་རེད། དེ་དག་གིས་ཀྱང་རང་ཉིད་ཆོས་པ་ཞིག་ཡིན་བསམ་པ་དང་། ནང་སྡོམ་དང་དམ་ཚིག་ལྡན་པ་དང་། ལུས་གྲྭ་ཆས་ཀྱིས་བཏུམས་པའི་རིང་ལ་སྟོན་པ་དང་བསྟན་པའི་ཞབས་འདྲེན་དུ་མ་སོང་བར་གནང་རྒྱུ་འགན་ཆེན་པོ་ཡོད་པ་སྨོས་མི་དགོས་ཤིང་། དེ་ལུགས་ཀྱིས་ཐུགས་བསམ་བཞེས་ཏེ་ཁོང་རྣམ་པས་ཀྱང་བག་ཡོད་མཛད་ཅིང་དེའི་སྐོར་ལ་གཙོ་བོ་སངས་རྒྱས་ཀྱི་བསྟན་པའི་འགལ་རྐྱེན་དུ་མ་སོང་དང་། དེའི་འགན་ཡང་དག་པ་ཁུར་དགོས་པ་དང་རེ་བ་ཆེན་པོ་ཞུ་གི་ཡོད།

དེ་ལྟར་ངས་གོང་ནས་ཞུས་ཚད་ཚང་མ་ང་རང་མཁས་མདོག་དང་འཇོན་པོ་ཡིན་མདོག་གིས་བཤད་པ་མིན་ལ། ངས་བསླབ་བྱ་རྒྱག་གི་ཡོད་བསམ་པ་དེ་བས་མིན། ང་ལ་བསམ་འཆར་ཐུང་ངུ་ཞིག་བཤད་རོགས་ཅེས་སྐུལ་མ་གནང་མཁན་དྲྭ་གྲོགས་སྤྱན་ཆབ་ལགས་ཀྱིས་རེ་འབྲས་ཆུད་བཟོས་སུ་མ་བཏང་བ་ཙམ་དུ་མི་སྒེར་གྱི་བསམ་ཚུལ་རྣམས་བཤད་པ་ཙམ་ཡིན། ནམ་རྒྱུན་ངས་དྲྭ་ངོས་སུ་རང་གི་བསམ་ཚུལ་ཁ་ཤས་ཤིག་བཤད་ཁུལ་བྱེད་བཞིན་ཡོད། མི་སོ་སོའི་བསམ་ཚུལ་མི་འདྲ་བའི་དབང་གིས་ལྟ་ཚུལ་དང་མཐོང་ཚུལ་མི་འདྲ་བ་ཡོད་ཆོག མི་འདི་རང་ཉིད་དང་མི་འཚམས་པའི་གཏམ་ཆེན་པོ་བཤད་མཁན་ཞིག་རེད་བསམ་མཁན་དེ་འདྲ་ཡོང་གི་འདུག དེ་ནི་མི་སྒེར་གྱི་རང་གཤིས་གཞན་ལ་སྦྱར་ཙམ་དང་ང་སྒེར་གྱི་ནོར་ཡོད་པ་གང་ཡིན་ཡང་ཁྱད་པར་མི་འདུག དེ་རིང་འདིར་བཤད་པ་གཙོ་བོ་སློབ་གཉེར་བ་ཁོ་ན་ལ་དམིགས་ཏེ་དུས་གསར་བརྡ་འཕྲིན་ཡོ་ཆས་རྣམས་སློབ་སྦྱོང་གི་ཆ་ཤས་སུ་འགྱུར་བར་རེ་བ་གཅིག་པུ་ཡིན། འོན་ཀྱང་ཚིག་དོན་གཉིས་ཀའི་ཆ་ལ་སྐྱོན་ཡོད་པ་ཚང་མ་ལ་དགོངས་སེལ་ཞུ་བཞིན་ཡོད། བཀྲ་ཤིས་བདེ་ལེགས། བདེ་མོ། །

ཧོར་པ། དཀོན་མཆོག་དར་རྒྱས་ནས།