གླིང་གི་གླུ།

ཚིག སྨིན་དབུས་པོ།







གངས་རི་ནི་རྨ་རྒྱལ་སྤོམ་ར་མཐོ། །

མི་རྗེ་ལ་སེང་ཆེན་སྐྱེས་བུ་བཞུགས། །

གངས་རི་དང་སེང་ཆེན་འབྲལ་བ་མེད། །

གླིང་དཀར་འདི་ཨ་རྒྱལ་ཡང་རྒྱལ་ཤོག །



ཆུ་བོ་ནི་རྨ་འབྲི་གཙང་གསུམ་དྭངས། །

ཆུ་ལེན་ལ་འབྲུག་མོ་ནེའུ་ཆུང་མཛེས། །

མཆོད་ཆུ་དང་དུང་སེམས་འབྲལ་བ་མེད། །

སེམས་འདུན་གྱི་གསེར་ཉ་རང་འཁོར་ཤོག །



གནས་མཆོག་ནི་མདོ་དབུས་ཁམས་གསུམ་སྐྱིད། །

ས་བདག་ལ་ཚོ་དྲུག་གླིང་བ་བརྗིད། །

ཡུལ་སྲོལ་དང་གོམས་གཤིས་ཕུན་སུམ་ཚོགས། །

བཙན་ཕྱུག་དང་སྙན་གྲགས་དར་བར་ཤོག །



རྐྱང་རྒོད་དེ་རླུང་རྟ་དཀར་པོ་འདྲ། །

འཛམ་གླིང་གི་རྩེ་རུ་འཕུར་བར་ཤོག །

སྦ་ལྕག་དེ་བསམ་པའི་དོན་འགྲུབ་ཡིན། །

གཡུལ་རྒྱལ་གྱི་ལས་བཞི་འགྲུབ་པར་ཤོག །

རབ་བྱུང་༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ཚེས་གཅིག་ལ་བོད་མདོ་ཁམས་ཚ་བ་རོང་གི་སྐུ་བླ་དམུ་རྡོའི་གནས་འདབས་ནས་ཕུལ།