གླུ་དབྱངས་གླེང་བ། ༧

རྩོམ་པ་པོ། ཚ་བ་མདའ་སྨྱུག

ཁྱེད་ལ་བཅངས་པའི་རེ་སྨོན།

རང་ཉིད་གླུ་མ་སྐལ་བཟང་མེ་ཏོག་ལགས་ཀྱི་རིག་རྩལ་བརྩམས་ཆོས་ཁག་ལྷག་བསམ་རྣམ་དག་གི་སྒོ་ནས་ཀློག་པའི་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས་བཤད་ན། མོའི་བརྩམས་ཆོས་ཀྱི་བཟང་ས་མཛེས་ས་ཁོ་ན་ནས་མི་གླེང་བར། ཞན་ཆ་དང་མ་འདང་ས་གང་ཡོད་ཀྱང་བརྗོད་དགོས་ཤིང་བརྗོད་འདོད་ཀྱང་ཡོད་མོད། མཐོང་རྒྱ་ཆུང་དྲགས་པ་དང༌། དམིགས་ཚད་དམའ་དྲགས་པས་ལོས་ཡིན། ངས་ཁྱེད་ཀྱི་གླུ་སྐད་ཐོས་པ་ནས་བཟུང་སྟེ་ད་ལྟའི་བར་དུ་གཞན་སུ་ཞིག་གི་གླུ་སྐད་ལ་ཡིད་སྨོན་སྐྱེ་མ་མྱོང་ཞིང༌། ཁྱེད་ཀྱི་འཁྲབ་སྟོན་གྱི་སྐབས་སུ་རྣམ་འགྱུར་མིག་ལ་མི་མཛེས་པ་འདི་དང༌། སྒྱུ་རྩལ་ཚད་དུ་མ་ལོངས་པ་དེ་ཞེས་ཐུགས་ཕན་སོས་པའི་བསམ་འཆར་གཅིག་ཀྱང་ཞུ་ཚོད་ཐིག་མ་བྱུང་བས། གླུ་མ་ཉིད་དང་གཞན་ད་རེས་ཀྱི་ཀློག་པ་པོ་ཡོངས་ལ་དེའི་ཕྱོགས་ནས་དགོངས་དྭངས་མ་གཏོགས་ཞུ་བྱ་གང་ཡང་བསྡད་མ་སོང༌། གལ་སྲིད་ངས་འདིར་སྐལ་བཟང་མེ་ཏོག་ལ་འོས་མེད་ཀྱི་ངོ་བསྟོད་བྱས་འདུག་སྙམ་པའི་གཟིགས་ཚུལ་འགའ་ཞིག་ལ་མཆིས་ཚེ། ཁྱེད་དཔྱད་གཏམ་འདིའི་ལྡོག་ཕྱོགས་ནས་བཞེངས་ཏེ་མོས་མ་འཇོན་པ་དང་མ་འཁྱོངས་པའི་སྒྱུ་རྩལ་གྱི་ཉེས་དམིགས་རེ་རེ་བཞིན་ཐེར་འདོན་གནང་བར་ཞུ། དེ་ནི་ངས་དཔྱད་གཏམ་འདི་ཀློག་པའི་ཀློག་པ་པོ་རྣམ་པར་གཏོན་པའི་རེ་བ་ཆེ་ཤོས་དང་པོ་དེ་དང༌། དཔྱད་གཏམ་འདི་འབྲི་བའི་དམིགས་ཡུལ་ཆེ་ཤོས་གཉིས་པ་དེ་ཡིན། ཆས་གོས་ཐད་ལ་ལྕགས་རྡོའི་ཁུར་ཁྱེར་ཞིང་པགས་རིགས་ཀྱིས་ཐུམ་བརྒྱབ་པའི་དུས་རབས་ཉེར་གཅིག་པའི་མགོ་སྟོད་ཀྱི་འཁྲབ་སྟོན་པ་བླ་འཚོང་གི་ཀླ་ཀློ་ཕོ་མོ་དེ་ཚོ་དང་བསྡུར་ཚེ་ཁྱེད་ནི་ཅི་འདྲའི་གཟིགས་རྒྱང་རིང་ཞིང་ཅི་འདྲའི་མཁས་མཛངས་དང་ལྡན་པ་ཞིག་རེད་ཨང༌། ད་ལྟ་མཁྱེན་ལྡན་མ་ཁྱེད་ཀྱིས་མེ་ལྷའི་ཞལ་དུ་འབུལ་དགོས་པའི་བུ་ལོན་ནི་ཝ་དམར་གྱི་ཞྭ་མོ་དེ་རང་ཡིན་འདུག་པས་འཕྲལ་དུ་མ་གཡེལ་ཅིག །ཝ་དམར་གྱི་ཞྭ་མོ་དེས་ནི་སྔོན་ཆད་ཀྱང་ཁྱེད་ལ་ཕན་དགའ་ཞིག་ཐོགས་ཨེ་ཡོད་ན་སྙམ་སྟེ། དར་རྐྱང་གི་ན་བཟའི་ཐོག་ཏུ་ཝ་ཞྭ་མཆོད་པ་བོད་ཀྱི་སྲོལ་ལ་བཞད་གད་ཡིན་པ་མ་ཟད། ན་བཟའ་དེ་འདྲ་བཞེས་ནས་ཕེབས་ན་ལྷ་མོ་ཁྱེད་ཀྱིས་དབྱར་ཉི་དགུན་ཉི་གང་ཡང་ཆོད་རྒྱུ་མ་རེད་སྙམ། ད་དུང་གོས་ཆེན་རྒྱ་སེའི་ཕྱུ་ཆེན་དང༌། དངུལ་དཀར་དྲ་བའི་ཐོད་རྒྱན་དེ་ཚོའང་མཐའ་གཅིག་ཏུ་ཁྱེད་ལ་དགོས་ངེས་མིན་ཏེ། བླུན་པོ་བླུན་ནག་ཚོ་མ་གཏོགས་གཞན་སུ་ཡང་གོས་རྒྱན་རྫིག་པོ་ཞིག་འདུག་སྙམ་ནས་སེམས་པ་ཤོར་མི་སྲིད་ལ། ཁྲ་ཁྲ་ནང་ལ་ཡོད་པའི་བུ་མོ་ཁྱེད་ལྟ་བུ་ལ་ཕྱི་གཡོགས་ཁྲ་ཁྲ་ཕག་ཕག་མིན་ཡང་མི་མཛའ་བ་ཅི་ཡང་མེད་སྙམ་བཞིན་འདུག་པས་དགོངས་བཞེས་གནང་བར་ཞུ། ཁྱེད་ལ་ཆེད་དུ་ནི་ཞུ་དགོས་མི་འདུག་མོད། སྤྱིར་འཁྲབ་སྟོན་མཁན་ཚོ་མི་དམངས་ཀྱི་མིག་དཔེ་ཡིན་པའི་ཆ་ནས་གོས་ལྷམ་གྱོན་སྟངས་ཀྱང་ཡང་ན་མི་རིགས་རང་ཉིད་ཀྱི་བྲོ་བ་ཡོད་པ་དང༌། ཡང་ན་འཛམ་གླིང་སྤྱི་སྲོལ་ལྟར་གྱོན་ན་ལེགས་པོ་ཡོད། ཐ་ནའང་མི་དམངས་ཚོས་དགའ་པོ་བྱེད་འོས་པ་དང་བྱེད་སྲིད་པ་ཞིག་ཡིན་དགོས་ཀྱི་ཡ་མ་ཆ་ཁོ་ནར་འབད་བརྩོན་བྱེད་པ་ནི་མི་རིགས་ལ་འགན་ཁུར་མེད་པའི་བྱ་སྤྱོད་རེད། ན་ལོའི་གསེར་མོ་ལྗོངས་ཀྱི་སྤྲོ་འཚོགས་ཐོག་ཏུ་གླུ་མ་ཚེ་སྐྱིད་གོས་ཀྱིས་མར་མ་ཐུམས་པར་ལྷམ་གྱིས་ཡར་གཏུམས་ནས་སླེབ་འདུག་པ་དང༌། དབྱངས་ཅན་ལྷ་མོས་གྱོན་རྒྱུ་ལས་ཁུར་རྒྱུ་དང་འདྲུད་རྒྱུ་གཡུག་རྒྱུ་གསུམ་མང་བ་ཞིག་བྱས་ནས་ཐོན་འདུག་པ་དེ་ཚོ་མིག་ལ་འགྲོ་པོ་དེ་འདྲ་མ་རེད། ལྷག་པར་རྨ་ཁུག་དང་པོའི་ཐོག་གི་བུ་མོ་སྤུན་གསུམ་དང༌། གསེར་མོ་ལྗོངས་ཐོག་གི་བུ་མོ་སྤུན་བཞི་ཟེར་བ་དེ་ཚོའི་ཆ་ལུགས་དེ་མི་མིན་འདྲེ་ཡི་སྲོལ་ཞིག་ཨེ་ཡིན་སྙམ། ཁོ་མོ་ཚོས་དེ་དག་ཅི་འདྲའི་སྔོན་ཐོན་དང་དེང་རབས་ཀྱི་དར་སྲོལ་ཡིན་པར་རློམ་ཡང་བོད་རིགས་མི་དམངས་ཀྱིས་དང་དུ་ལེན་མི་སྲིད། དེ་ཚོའི་གྱོན་སྟངས་དང་འཁྲབ་སྟངས་དེ་ཚོ་མཐོང་དུས་མི་དམངས་ཀྱིས་བུ་མོ་སྨྱོན་མ་ཚོ་ཟེར་བ་ལའང་ཁག་མི་འདུག་སྙམ་འོང༌། གླུ་ཚིག་ཡི་གེར་ཕབ་པ་འགའ་ཞིག་ལ་དགོས་ངེས་ཀྱི་དག་ཆ་དེ་ཙམ་བྱུང་མི་འདུག །དེ་རིགས་ལ་སྣང་ཆུང་གནང་ན་མཛེས་མའི་ལུས་ལ་སྣ་ནག་པའི་སྐལ་ངན་དུ་མི་འགྱུར་བའི་ངེས་པ་མེད་པ་མ་ཟད། ཤི་མ་གསོན་དུ་ཡོད་པའི་བོད་པའི་སྐད་ཡིག་གི་སྐེ་ལ་མཐའ་མའི་རྡོག་བརྫིས་བཏང་བའི་སྡིག་ཉེས་ཀྱང་འཁྲི་སྲིད། དེ་མིན་རྒྱ་སྐད་ཀྱི་སྒོ་ནས་གླུ་དབྱངས་ལེན་པ་འདི་རིགས་ལ་བོད་མི་མང་པོས་བསམ་ཚུལ་འུར་ཆིལ་ལེར་འདུག་མོད་གུས་པས་ནི་བོད་མི་ཡིན་ན་རྒྱ་གླུ་མི་ལེན་པའི་རེ་བ་ཞུ་རྩིས་མེད། དེ་ལ་རྒྱུ་མཚན་གཉིས་ཡོད་པ་ལས་དང་པོ་ནི། བོད་མིས་བོད་ཀྱི་ངོ་བོ་མཚོན་པའི་གླུ་དབྱངས་རྒྱ་སྐད་ཀྱིས་ལེན་པ་དེས་བོད་ཀྱི་ངོ་བོ་ལ་མི་གནོད་པའི་སྟེང་དུ་བོད་རིགས་ངོ་སྤྲོད་དང་དྲིལ་བསྒྲགས་ཀྱི་ནུས་པ་ཞིག་ཐོན་བཞིན་ཡོད་འདུག་པས་ཡིན། རྒྱ་མི་རང་དབང་རྩོམ་པ་པོ་དང་བོད་དོན་ཉམས་ཞིབ་པ་གྲགས་ཅན་མཁས་དབང་ཝང་ལེ་ཞུང་གིས། ཤར་ཏུ་ཁེསི་ཏང་སྟེ་ཤིན་ཅང་པ་ཚོས་རྒྱ་ཡི་སྐད་ཡིག་ཕྱིར་འབུད་ཅི་ཐུབ་བྱས་པའི་མཇུག་འབྲས་སུ་རང་ཉིད་སྔར་བཞིན་ཁེར་རྐྱང་དུ་ལུས་ནས་མི་རིགས་གཞན་པས་ད་དུང་ཡུ་གུར་མི་རིགས་ཞེས་པ་དེ་རྒྱ་གཞུང་གིས་དྲིལ་བསྒྲགས་བྱས་པ་ནང་བཞིན་ཀླ་ཀློ་དང་མུན་ནག་གདུག་རྩུབ་ཀྱིས་ཁེངས་པའི་རྗེས་ལུས་མི་རིགས་ཤིག་ཏུ་རྩི་བཞིན་ཡོད། བོད་པ་ཚོས་རྒྱ་ཡི་སྐད་ཡིག་ལག་ཆ་ཞིག་ཏུ་བརྩིས་ཏེ་དང་ལེན་བྱས་པས་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་མཁན་གྱི་བོད་པ་སྐོར་ཞིག་ཐོན་ནས་བོད་དང་བོད་པའི་རིག་གཞུང་རྒྱ་ཡིག་གི་ལམ་ནས་འགྲེམ་སྟོན་བྱས་པའི་དབང་གིས་རྒྱ་རིགས་མི་དམངས་ཚོས་བོད་ལ་འཛིན་པའི་ལྟ་ཚུལ་རྩ་བ་ནས་འགྱུར་ཡོད་ལ། རྒྱ་ནག་ནང་ཁུལ་གྱི་དཔེ་ཚོང་ཁང་ཆེ་ཁག་གང་དུ་སོང་ཡང་བོད་སྐོར་གྱི་དཔེ་དེབ་སྣ་ཚོགས་ཀྱིས་དཔེ་སྒྲོམ་གང་ནས་བསྡད་འདུག་པ་མཐོང་རྒྱུ་ཡོད་ཅེས་གསུངས་པ་ལྟ་བུ་རེད། རྒྱུ་མཚན་གཉིས་པ་ནི་རྒྱ་གླུ་བླངས་ན་དཔལ་འབྱོར་གྱི་ཁེ་ཕན་ཕྲན་བུ་རག་སྲིད་པ་དེ་ཡིན། དཔལ་འབྱོར་དམིགས་ཡུལ་དུ་བྱས་ཏེ་སྒྱུ་རྩལ་གཉེར་བ་ནི་གཟུགས་པོ་འཚོང་མཁན་གྱི་བུད་མེད་ལྟར་ཡི་གར་འོང་བའི་བྱ་བ་ཞིག་མིན་ཡང༌། ཡོད་ཚད་དཔལ་འབྱོར་གྱི་རྗེས་སུ་རྒྱུག་བཞིན་པའི་དུས་འདིར་ཁོ་ཚོས་ཀྱང་ཞར་དང་ཞོར་ལ་ཕྱོགས་དེར་མིག་ཟུར་ལྟ་ཙམ་རེ་བྱེད་པ་ལ་ནི་ང་ཚོས་ཀྱང་བསམ་ཤེས་ཐུབ་ལོས་དགོས། དེང་སང་འཛམ་གླིང་ན་གླུ་པ་གླུ་མ་རྣམས་ནི་ཁ་གདངས་པ་ཙམ་གྱིས་དངུལ་ལོའི་ཆར་པ་འབབ་པའི་མི་ཡིན་ཟེར་ཡང་ང་ཚོའི་གླུ་པ་གླུ་མ་ཚོ་ལ་དེ་འདྲའི་ཡོང་སྒོ་ནམ་ཡང་མེད། འོད་འཁོར་དང་སྒྲ་ཐགས་གསར་པ་རེ་ཕུད་སྐབས་ཁེ་སྐྱེད་མི་དགོས་མ་རྩ་ལངས་མིན་འདང་རྒྱག་ཆེ་རྒྱུ་རེད་སྙམ། བོད་རིགས་མི་གྲངས་མང་པོ་མེད་པས་བོད་མི་སྟོང་ཕྲག་རེའི་ཁྲོད་ན་ཆ་སྙོམས་ཀྱིས་འོད་འཁོར་རེ་བྲིན་པའི་དབང་དུ་བཏང་ན་འོད་འཁོར་སྟོང་ཚོ་བཞི་ལྔ་ཙམ་རེད། ད་དུང་དབུས་གཙང་པ་ཚོས་ཨམ་གླུ་མི་ཉན་ལ། ཨ་མདོ་བ་ཚོས་དབུས་གཞས་མི་ཉན་པས་ཁྲོམ་ར་དེ་བས་ཀྱང་རབ་གཅིག་གུ་དོག་ཏུ་ཕྱིན་ཡོད། རྒྱ་གླུའི་འོད་འཁོར་ཞིག་བཟོས་རྗེས་མི་ཁྲི་ཚོ་རེའི་ཁྲོད་དུ་འོད་འཁོར་རེ་ལས་འཚོང་མ་ཐུབ་པའི་དབང་དུ་བཏང་རུང་བསྡོམས་པས་འོད་འཁོར་འབུམ་ལྷག་བྲིན་འགྲོ་བ་རེད། ད་དུང་གྲངས་ཉུང་མི་རིགས་ཀྱི་ཁྲོད་དུའང་རྒྱ་གླུའི་ཁྲོམ་ར་གང་འཚམ་རེ་ཡོད། ལྷག་དོན་དུ་སྙིང་ན་དགོས་པའི་དོན་དག་གཞན་ཞིག་ནི། དེ་རིང་བརྙན་འཁོར་གསར་པ་ཞིག་ཁྲོམ་ལ་གཏོན་ན་དེ་ཉིད་བརྐུ་བཤུས་ཀྱི་བརྙན་འཁོར་རྫུན་མ་ཞིག་ཀྱང་ཉིན་དེ་རང་དུ་བརྒྱ་ཆ་བརྒྱ་ཐམ་པ་ཐོན་འོང་བ་འདི་རེད། དངོས་པོ་དང་རིག་གནས་ཀྱི་བདག་དབང་ལ་རྩི་འཇོག་སྤུ་ཙམ་མི་དགོས་པའི་ཁྲམ་པའི་རྒྱལ་ཁབ་དང་ཁྲམ་པའི་ལུང་པ་འདི་ལ་མཚོན་ན། དཀའ་ལས་ཡོད་ཚད་སྐྱ་བས་བརྒྱབ་ཚར་རྗེས་དངོས་གྲུབ་ཡོད་ཚད་གཟར་བུའི་ཁ་ནང་དུ་ཤོར་འགྲོ་བཞིན་ཡོད། ནུབ་ཡོ་རོབ་ཀྱི་ཡུལ་གྲུ་ན་ཡོད་པའི་གྲོགས་པོ་ཞིག་གིས། རྨ་ཁུག་དང་པོའི་བརྙན་འཁོར་ཆ་ཚང་ཞིག་ས་ཉི་མ་ལྷ་ས་རུ་མངག་ཉོ་བྱས་ཏེ་ཕ་གིར་འབྱོར་དུས་འགྲོ་འགྲོ་གཅིག་ཀྱང་མི་བྱེད་ལ། བརྟག་དཔྱད་གཏོང་སྐབས་ད་གཟོད་བརྙན་འཁོར་རྫུན་མ་ཞིག་ཡིན་པ་ཤེས་རྟོགས་བྱུང་སོང་ཞེས་སེམས་ཕམ་པའི་ངང་ནས་བརྗོད་བྱུང་བ་ལྟ་བུ་རེད། དེ་བས་གླུ་མ་སྐལ་བཟང་མེ་ཏོག་ལ་རྒྱ་གླུ་མི་ལེན་པའི་ཞུ་བ་འབུལ་མི་ཤེས་ཀྱང་རྒྱ་གླུ་ནི་རྒྱ་གླུ་རང་ལས་དེས་བོད་གླུའི་གོ་ནམ་ཡང་མི་ཆོད་པས། མ་འོངས་པར་ང་ཚོ་བོད་པ་ཚོ་ལ་དམིགས་ཏེ་བོད་གླུ་མང་ཙམ་དང་དེ་ཡང་བོད་གླུ་ཁ་གཙང་གི་འཁོར་ཐགས་མང་ཙམ་འདོན་གནང་ཡོང་བའི་རེ་བ་ཧ་ཅང་ཆེ་ལ། བོད་ཀྱི་གར་སྟེགས་ཐོག་ཏུ་འཛེགས་ནས་ཉན་མཁན་བོད་རིགས་མི་དམངས་ཀྱི་རྣ་བར་རྒྱ་གླུ་བཙན་སྒྲོག་གི་བརྙས་བཅོས་དེ་རིགས་ནི་ནམ་ཡང་མི་གནང་རོགས་ཞེས་ཞུ་རྒྱུ་ཡིན། ན་ནིང་ཨ་འཛོམས་པད་བློ་ཟེར་བའི་རྒྱ་བླ་ཞིག་གིས་རང་ཉིད་ཕྱོགས་བཅུར་སྒྲོག་ཆེད་གླུ་དབྱངས་ཀྱི་འདུ་འཛོམས་ཤིག་བསྡུས་འདུག་པའི་ཐོག་ཏུ་གླུ་པ་མང་པོ་ཞིག་གདན་འདྲེན་ཞུས་པའི་ཁྲོད་ན་སྐལ་བཟང་མེ་ཏོག་ཀྱང་ཡོད་པ་འདྲ། སྐབས་དེར་རང་རེ་བོད་ཀྱི་གྲགས་ཅན་གླུ་པ་དེ་ཚོས་རང་ཚུགས་མེད་ལ་བྲོ་བའང་མེད་པའི་བྲན་གླུ་དང་སྙིགས་གླུ་དེ་འདྲའི་མང་པོ་ཞིག་བླངས་འདུག་པ་ནི་ངོ་མ་སེམས་ཕམ་འོང་བ་ཞིག་རེད། ཁོ་ཚོའི་ལག་ཏུ་པད་ཤག་ཕྲན་བུ་རེ་ཐོབ་ན་ཁ་ནང་དུ་སྐྱག་པ་བླུགས་ཀྱང་བལྡད་རྒྱུ་ཡིན་པ་འདྲ། རླབས་ཆེ་བའི་བསམ་བློ་པ་ཆེ་གེ་མོའི་ཞལ་ནས། རྫུན་གཏམ་ནི་མི་སུ་ཞིག་ཡིན་ཡང་བཤད་སྲིད་ལ་བཤད་ཀྱང་ཆོག །འོན་ཀྱང་སྙན་ངག་པ་གཅིག་པུས་རྫུན་གཏན་ནས་བཤད་མི་སྲིད་ལ་བཤད་ཀྱང་མི་ཆོག །དེ་ཡི་རྒྱུ་མཚན་ནི་ཁོ་སྙན་ངག་པ་ཡིན་པས་རེད། ཅེས་དང༌། གངས་ཅན་གྱི་མཚན་ཉིད་སྨྲ་བའི་སྙན་ངག་པ་དགེ་ཆོས་ལགས་ཀྱི་ཞལ་ནས། རི་མོ་མཁན་དང༌། རོལ་མོ་མཁན། གླུ་མཁན། སྙན་ངག་མཁན་རྣམས་ཀྱི་གཤིས་ཀ་དེ་ཕལ་ཆེར་མཐུན་པོ་ཞིག་རེད་འདུག །དེ་ཚོའི་རིགས་ངོ་མ་དེ་ནི་ཆོས་ཀྱི་གཤིས་ལུགས་ལ་ལྟད་མོ་ལྟ་ཤེས་མཁན་ནམ་དེ་དང་ཉེ་བ་ཞིག་རེད་ཅེས་གསུངས། འོ་ན་རྒྱལ་སྲས་པད་བློ་ལ་བསྟོད་གླུ་འབུལ་མཁན་གྱི་རང་རེའི་གླུ་པ་དེ་ཚོ་ལའང་གཤིས་ལུགས་ལ་ལྟད་མོ་ལྟ་ཤེས་པའི་སྙན་ངག་པའི་གཤིས་ཀ་དེ་ཡོད་པ་ཨེ་ཡིན། ཡིན་ན་ཁོ་ཚོས་སྲོག་ལ་བབ་ཀྱང་རྫུན་མི་ལབ་པའི་སྙན་ངག་པའི་དམ་ཚིག་དེ་སྲུང་བཞིན་ཨེ་ཡོད། ཡོད་ན་ཁོ་ཚོ་ཚང་མ་རྒྱལ་སྲས་པད་བློ་ལ་དེ་འདྲའི་དད་པ་དག་སྣང་ཅན་རྐྱང་རྐྱང་ཨེ་ཡིན། དེ་ལྟར་རྒྱུ་མ་ཕུ་འདེད་དུ་བསམ་བློ་བཏང་ན་ང་ཚོའི་གླུ་པ་དེ་ཚོ་གླུ་པ་ངོ་མ་ཞིག་ཨེ་ཡིན་ན་སྙམ་པའི་སེམས་ཁྲལ་ལངས་འོང་བར་འདུག །སེམས་ཕམ་དགོས་པའི་སྐྱོ་གར་དེའི་ཁྲོད་ནས་དགའ་འོས་པའི་དོན་དག་གཅིག་ཁོ་ན་མཐོང་རྒྱུ་ཡོད་པ་ནི། གླུ་མ་སྐལ་བཟང་ལགས་ཀྱིས་སྐབས་དེར་རང་རིགས་སྤྱི་ལ་བཅངས་པའི་ཞེན་པ་དཀར་པོའི་སྙན་དབྱངས་ཤིག་ལས། ཆེ་ལ་གཉན་པའི་མི་ངོ་བྱེ་བྲག་པ་དེར་དམིགས་པའི་སྤྲེལ་ལད་གང་ཡང་འཁྲབ་དགོས་བྱུང་མི་འདུག་པ་འདི་རེད། ཕྱིན་ཆད་ཀྱང་བླ་ཆེན་དཔོན་ཆེན་དེ་འདྲས་སྒོར་རྡོག་འགའ་རེས་བསླུ་བྲིད་ཀྱིས་རྩེ་སྤྱད་བྱེད་པའི་ཉེན་ཁ་ཆེ་བས་གཟབ་གཟབ་མཛད་དགོས། འོན་ཀྱང་རང་གི་སེམས་ཁོང་གི་མི་སྣ་ལ་བསྟོད་གླུ་མ་ཕུལ་ཞེས་ཞུ་བ་ནི་ག་ལ་ཡིན། དེ་མིན་ཁྱེད་ཀྱི་གླུ་དབྱངས་ཉན་མཁན་གྱི་བོད་པ་སེམས་ལྡན་ཁྲི་སྟོང་མང་པོས་ཁྱེད་ལ་བཅངས་པའི་རེ་བ་ཆེ་ཤོས་ཤིག་ནི། ཁྱེད་ནམ་ཡང་མི་དམངས་ཀྱི་ཕྱོགས་སུ་བཞེངས་ཏེ་མི་དམངས་ཀྱི་སྐད་སྒྲ་མཚོན་པའི་མི་དམངས་ཀྱི་གླུ་མ་ཡ་རབས་ཤིག་བཅའ་རྒྱུ་དེ་ཡིན། གལ་སྲིད་གཙང་རྒྱལ་མཁར་རྩེ་རུ་སྐུ་འཁྲུངས་པའི་གླུ་མ་སྐུ་ཞབས་མ་ཚེ་བརྟན་སྒྲོལ་མ་ལྟར་སྒེར་སྤྱོད་དབང་འཛིན་པའི་སྒེར་སྤྱོད་ཀྱི་སྲིད་ཇུས་དྲིལ་སྒྲོག་བྱེད་སྤྱད་ཀྱི་སྟབས་བདེའི་ཁ་པར་དུ་གྱུར་པ་ཡིན་ན། ཉིན་དེ་ནས་བཟུང་སྟེ་ཁྱེད་ཀྱི་ཁ་སྒོ་སྐྱེ་འབྲས་དང་རིག་རྩལ་གྱི་མཚར་སྡུག་ཡོད་ཚད་མི་རིགས་འདི་ཡི་དགྲ་གཤེད་དུ་བབ་ནས་ཁྱེད་ཉིད་མི་ཡུལ་འདིར་བཞུགས་པ་ལས་དག་ཞིང་དུ་གཤེགས་སོང་ན་སྤུས་གཙང་བ་དེ་འདྲ་ཆགས་རྒྱུ་རེད། སྐུ་ཞབས་མ་ཚེ་བརྟན་སྒྲོལ་མ་ལགས་སུ་བོད་རིགས་གཞོན་སྐྱེས་ཚོས་ཤི་རྒྱུ་མེད་པའི་རྒན་མོ་དམར་པོ་དེ་ཞེས་ཞུ་བ་མ་གཏོགས་མཚན་རྗེན་པར་འབོད་མཁན་མི་འདུག་པ་འདི་ཁྱེད་ཀྱིས་མཁྱེན་པར་མཛད་དགོས། ཁྱེད་མི་དམངས་ཀྱི་ཕྱོགས་ནས་བཞེངས་སྐབས་ཐོབ་འོས་པའི་མཚན་སྙན་དང་གོ་སྐབས་མང་པོ་ཞིག་བློས་གཏོང་གནང་དགོས་འབྱུང་བ་ནི་སྨོས་མེད་ལགས་མོད། བོད་མི་ས་ཡ་དྲུག་གི་སྙིང་དབུས་སུ་ཁྱེད་ཉིད་ནམ་ཡང་གསོན་པོར་བཞུགས་ངེས་པས་དེས་ཁྱེད་ཀྱི་ཐུགས་དགོངས་གང་འཚམ་ཞིག་རྫོགས་ན་འོས། སྒྱུ་རྩལ་གྱི་བདག་མོ་ཁྱེད་ཀྱི་སྒྱུ་རྩལ་ཀློག་པ་པོ་ཞིག་གི་སེམས་ཁོང་གི་རེ་བ་ཡོད་ཚད་རྗེན་པར་ཞུས་ཚར་སོང༌། ད་མཇུག་ཏུ་སྨོན་འདུན་ཞིག་ཡོད་པ་ནི་འཁྲབ་སྟོན་སྒྱུ་རྩལ་གྱི་རྨང་གཞི་ཧ་ཅང་ལེགས་པའི་བོད་རིགས་གཞོན་ནུ་མ་སྐལ་བཟང་མེ་ཏོག་ཁོང་ཕྱི་ཡི་རྒྱལ་ཁབ་ཅིག་གི་གློག་བརྙན་སློབ་གླིང་གང་རུང་ཞིག་ཏུ་གློག་བརྙན་འཁྲབ་སྟོན་སློབ་སྦྱོང་གི་གོ་སྐབས་ཤིག་རག་ཐུབ་ན་ཅི་མ་རུང༌། ང་ཚོ་བོད་ལ་ད་ལྟ་ཆེས་མཁོ་བ་ནི་གླུ་དབྱངས་ཙག་ཙིག་རེ་ལེན་མཁན་ཞིག་མིན་པར་འཇིག་རྟེན་ཡོད་ཚད་ལུས་ཐོག་ཏུ་་བསྣམས་ནས་ཕེབས་པའི་སྐྱེས་བུ་དེ་འདྲ་ཡིན། ང་ཚོ་ལ་མེད་ཅིང་གཞན་པ་ཚོར་ཡོད་པའི་དངོས་པོ་དང་བསམ་པའི་དཔལ་ཡོན་ནི་རྩི་མི་ཐོན་མོད་ཆེས་འགྲམ་ཆུ་ཤོར་དགོས་པ་ཞིག་ནི། གཞན་པ་ཚོར་སོ་སོའི་མི་རིགས་ཀྱི་འཁྲབ་སྟོན་མཁན་པོ་དག་གིས་སོ་སོའི་མི་དམངས་ཀྱི་དངོས་ཡོད་ཀྱི་འཇིག་རྟེན་མཚོན་པའི་ངོ་མཚར་ལྟད་མོ་སྟེ་སེམས་ཀྱི་ཟས་མཆོག་ལ་ཅི་དགར་རོལ་རྒྱུ་ཡོད་པ་འདི་རེད། ཕྱིར་སྡོད་རང་རིགས་སྤུན་ཟླའི་ཁྲོད་དུ་ད་སྐབས་གློག་བརྙན་འཁྲབ་སྟོན་མཁན་གྱི་གཞོན་སྐྱེས་རེ་གཉིས་འཐོན་བཞིན་ཡོད་འདུག །ཁོ་ཚོའི་འཁྲབ་སྟོན་ལ་ལྟ་མཁན་གྱི་མི་ཚོས་གློག་བརྙན་འཁྲབ་སྟོན་བྱེད་སྐབས་བོད་པ་ཚོར་མི་རིགས་གཞན་ལས་ལྷག་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་འདུག་ཅེས་གདེང་འཇོག་འཐོབ་བཞིན་ཡོད་ཟེར། གཏམ་དེ་གཅམ་གསག་མིན་པར་དོན་ལ་གནས་ན་ཅི་འདྲའི་དགའ་བ་ལ་ཨང༌། དེས་ན་དམིགས་བསལ་གྱི་ཁྲོད་ནས་ཀྱང་དམིགས་བསལ་གྱི་ཁྱད་ཆོས་འཛོམས་པའི་བོད་པའི་བུ་མོ་ད་ལྟ་གླུ་གར་འཁྲབ་སྟོན་པ་སྐལ་བཟང་མེ་ཏོག་ཉིད། མ་འོངས་པར་གློག་བརྙན་འཁྲབ་སྟོན་པ་སྐལ་བཟང་མེ་ཏོག་ཏུ་འགྱུར་བའི་སྨོན་འདུན་སྙིང་དབུས་ན་བཅངས་ཏེ་སྒུག་པར་འདོད་དོ། །

པཎ་ཆེན་ར་རྫིར་མངགས་པའི་ལོ་རྒྱུས་དང༌། །

ཙན་དན་སོལ་བར་བསྒྱུར་བའི་གཏམ་རྒྱུད་དེས། །

ཇི་སྲིད་མཁས་པའི་ཁ་འདི་མ་ཕྱེ་བ། །

དེ་སྲིད་བླུན་པོའི་བློ་ནི་ལྐུགས་པར་བསྟན། །

མེ་ཕག་ཟླ ༢ ཚེས ༢༢ ཉིན་ཤར་དུང་རི་དཀར་པོའི་ཉེ་འདབས་སུ་བྲིས། །

གླུ་དབྱངས་སྒྱུ་རྩལ་ལ་དོ་སྣང་ཡོད་པའི་དྲ་ཚིགས་ཐོག་གི་ཀློག་པ་པོ་རྣམ་པས་དཔྱད་གཏམ་འདི་ལ་དགོངས་འཆར་གང་མང་གནང་བའི་འབོད་སྐུལ་སྙིང་དབུས་ནས་ཞུ་བཞིན་ཡོད།