གླེན་རྟགས་དང་གྱོང་གུན།



རབ་སྒྲོན་ཡིན་ནམ་ཞིབ་ཆ་མ་ངེས།



སྐད་ཡིག་སྣ་ཚོགས་སྨྲ་བར་མཁས་ན་ཡང་། །ཕ་མེས་སྐད་ཡིག་མི་ཤེས་གླེན་རྟགས་ཡིན། །ཚན་རིག་ལག་རྩལ་དར་བ་ལེགས་ན་ཡང་། །ཡོད་ཚད་གསར་གཏོད་བྱས་ན་ཡག་རྟགས་མིན། །དངུལ་ལོར་འབོར་ཆེན་གསོག་པར་མཁས་ན་ཡང་། །ལྷད་མེད་ལྷག་བསམ་མེད་ན་སྙིང་པོ་མེད་། །རིག་གཟུགས་ལང་འཚོ་དར་བ་ལེགས་ན་ཡང་། །ཤེས་རིག་ཡོན་ཏན་མི་སྦྱངས་གླེན་རྟགས་ཡིན། །རིག་གསར་ཁྲོམ་རྭ་འཁྲུག་ཆ་དོད་ན་ཡང་། །ཡ་རབས་སྲོལ་བཟང་ཉམས་ན་གྱོང་གུན་ཡིན། །གཏེར་རྫས་སྔོག་འདོན་ལས་གྲྭ་མང་ན་ཡང་། །ཁོར་ཡུག་གཏོར་ཤིག་མང་ན་ཕམ་ཁ་ཡིན། །ཕྱི་རུ་གསེར་དངུལ་རྒྱན་ཆ་མང་ན་ཡང་། །ཤེས་རབ་ལྷག་བསམ་མེད་ན་སྡུག་བསྔལ་ཡིན། །འབྲོག་པའི་འཚོ་རྟེན་ཕྱུགས་ཟོག་ཡིན་ན་ཡང་། །ཡོད་ཚད་བཤད་རྭར་བསྐྱལ་བ་གླེན་རྟགས་ཡིན། །ཞིང་པའི་འཚོ་རྟེན་ས་ཞིང་ཡིན་ན་ཡང་། །ཡོད་ཚད་དངུལ་དང་བརྗེ་བ་གླེན་རྟགས་ཡིན། །རང་ལུགས་གནའ་སྲོལ་ཡུལ་གོམས་མཛེས་ན་ཡང་། །ཡོད་ཚད་གཞན་གྱི་ལད་མོ་གླེན་རྟགས་ཡིན། །སེམས་རྒྱུད་དམ་པའི་ཆོས་ལ་དད་ན་ཡང་། །ཆོས་ཀྱི་ལག་ལེན་མི་ཤེས་སྟོང་པ་ཡིན། །བསྟན་པའི་སྙིང་པོ་བཤད་སྒྲུབ་ཡིན་ན་ཡང་། །དེ་དོན་རྒྱུད་འཛིན་མི་བྱེད་ཕམ་ཁ་ཡིན། །ཆོས་ཀྱི་འཇུག་སྒོ་སྐྱབས་འགྲོ་ཡིན་ན་ཡང་། །ལྷ་སྲོལ་ཀླུ་གསོལ་མང་ན་གྱོང་གུན་ཡིན། །འཚེ་མེད་ལྟ་སྤྱོད་ནང་བསྟན་ཡིན་ན་ཡང་། །མངོན་ཤེས་རྫུ་འཕྲུལ་སྨྲ་བ་ཡག་རྟགས་མིན། །སྟོན་པ་གཅིག་གི་བསྟན་པ་ཡིན་ན་ཡང་། །ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་གླེན་རྟགས་ཡིན། །ཕ་མེས་གཅིག་གི་མི་རིགས་ཡིན་ན་ཡང་། །རིགས་རུས་བཟང་ངན་སྨྲ་བ་གླེན་རྟགས་ཡིན། །མེས་པོའི་ཤུལ་བཞག་རིག་དངོས་མང་ན་ཡང་། །ཡོད་ཚད་དངུལ་དང་བརྗེ་བ་གླེན་རྟགས་ཡིན། །ཕྱི་ཡི་ལོངས་སྤྱོད་ཕུན་སུམ་ཚོགས་ན་ཡང་། །སེམས་རྒྱུད་ཡོན་ཏན་མེད་ན་ཕམ་ཁ་ཡིན། །ལྷ་ཁང་དགོན་སྡེ་གྲངས་འབོར་མང་ན་ཡང་། །བཤད་སྒྲུབ་རིག་གནས་མ་དར་ཕམ་ཁ་ཡིན། །སྐུ་རྟེན་དད་རྟེན་ལ་སོགས་མང་ན་ཡང་། །དམ་ཆོས་ལག་ལེན་མི་ཤེས་ཕམ་ཁ་ཡིན། །