ངག་རིག་འཁོར་བའི་གླིང་བུ།

རོང་བོ་དགེ་འདུན་ལྷུན་གྲུབ།

མཛེས་པའི་སྙིང་བོ་རྐུ་བའི་འཁོར་བ་ནས། །

བདེ་ཆེན་བརྩེ་དགའི་རོལ་མོ་ཤོར་བའི་ཚེ། །

གསང་གསུམ་རི་མོ་འབུར་བའི་མཚོ་ཁ་ན། །

ཡིད་ཀྱི་ཏིང་འཛིན་འཕྲོག་པའི་གྲུ་གཟིངས་འགུལ། །

མིག་གི་འོད་ཟེར་འཐེན་པའི་གཞལ་ཡས་ཁང་། །

རྟོག་བཏགས་ལས་ཀྱིས་བརྐོས་པའི་ནམ་མཁའ་ཞིག།

གདོད་ནས་མ་བཅོས་ལྷུན་གྱིས་གྲུབ་པ་ཡི། །

སྣང་བ་དར་སྐུད་འདྲ་བོ་ཤོམ་ནས་ཡོད། །

གནམ་སའི་མཐའ་དང་འདྲེས་པའི་ཕ་གི་རུ། །

ཁྱོད་ཀྱི་མིག་ཟུང་སྐར་མའི་ཚོམ་བུ་འདྲ། །

ལས་ཀྱི་ཕྱག་རྒྱའི་ཚུལ་དུ་གདན་དྲངས་དུས། །

མི་ཟད་བདེ་བའི་ནོར་བུ་སྐྱུགས་ལ་ལྟོས། །

གཉིས་འཛིན་འཁྲུལ་བའི་གྲབས་གསོག་བྱས་པ་མིན། །

ལྟར་སྣང་རིག་པའི་སྟོང་སྐད་གྱེར་བ་མིན། །

མི་འགྱུར་ལྷན་སྐྱེས་དྭངས་མར་སྨིན་པའི་མདངས། །

བྱིས་པའི་བརྩེ་བ་ཆུ་ཤེལ་མེ་ལོང་ཞིག།

ཐིངས་ལྷོད་ཤོར་བའི་སེམས་ཀྱི་གླིང་བུ་ལ། །

གཉུག་གཤིས་འདེགས་འཇོག་གཙང་བོའི་རླབས་རིས་ལྟར། །

བར་མི་ཆད་དུ་འགྱུ་བའི་མྱོང་ཚོར་འདིས། །

སྤྲང་བོའི་ཚེ་ལ་འོད་ཀྱི་ལྷན་པ་བཏབ། །

སྤྲིན་པ་གླང་བོ་འགྱིང་འདྲའི་ཟུར་ཞིག་ནས། །

འཚོ་བ་མེ་ཏོག་འདྲ་བའི་འགབ་ཅིག་ནས། །

བཅོས་མའི་སེང་རས་ཕུད་པའི་བརྡ་ཐབས་སུ། །

དུངས་པའི་ཟིལ་བ་ནམ་མཁའི་དབྱིངས་སུ་བསྲེས། །

ལྷ་སྒྲུང་གཏམ་གྱི་རི་བོང་དོར་བྱས་ཤིང་། །

མི་རྟག་ར་རིས་མཚན་མ་དག་བྱས་ཏེ། །

ཡིད་ཀྱི་མངོན་འདོད་ཉ་གང་ཟླ་བ་འདིས། །

སེམས་ཀྱི་སངས་རྒྱས་རལ་བ་བརྒྱན་པར་བྱས། །

ལུས་པོ་ཁྲུས་ལ་ཞུགས་པའི་ཆུ་ཟིལ་གྱི། །

མུ་ཏིག་ཕོན་པོ་ཕྱོགས་སུ་ཐོར་བའི་ཚེ། །

བསུང་ཞིམ་དྲི་ངད་འཐུལ་བའི་སྐྱེམས་ཆང་གིས། །

དྲན་ཤེས་ཡོལ་རས་ཕྱེས་པའི་མཐའ་མི་ངོམས། །

རྫུན་གྱི་ཐུམ་བུ་ནག་པོ་རལ་བའི་དུས། །

ཚུལ་འཆོས་གཡོ་སྒྱུའི་རེ་ལྡེ་དྲལ་བའི་དུས། །

ཟིན་མེད་དུངས་པའི་མེ་ཏོག་གློ་ཁ་འདི། །

ལོ་ཟླའི་ཁུག་པ་རིང་མོའི་ཟེ་བར་བཙུགས། །

ཀི་ཞིག་བཏབ་པས་ས་གཞི་འགུལ་བར་གཏོང་། །

བརྡ་ཞིག་བརྒྱབས་ནས་མི་སེམས་སྐྱོམས་པར་བྱེད། །

ཟུར་དང་ལེབ་ཀྱི་སྣང་ཚུལ་རེ་རེ་ནས། །

དམིགས་མེད་བརྩེ་བའི་བྱམས་པ་མཐོང་བར་ཤོག།

མཐའ་བཞིའི་ཀ་བ་འགྱེད་པའི་ཁང་ཆུང་དུ། །

སྒྱུ་མའི་ན་ཆུང་སྲོག་གི་དུམ་བུ་ཞིག།

སྐྲག་པས་འདར་ཞིང་འཛུམ་གྱིས་སྐྱོམས་པ་ནི། །

སྟོང་གཟུགས་བདེ་ཆེན་ལམ་ནས་མཇལ་བར་རེ། །

སྙིང་གི་ཕུག་པར་གཡོ་བའི་དུངས་པ་འདི། །

གློ་བ་ཚལ་བར་གཤགས་པའི་གསེབ་ནས་བླངས། །

རྣམ་ཤེས་རྡུལ་དུ་བརླགས་པའི་ཁྲོད་ནས་རྙེད། །

ལས་ཀྱི་བསྐོས་ཐང་རུས་པའི་ཟོམ་ལ་བཏེགས། །

ངོ་མཚར་རྨི་ལམ་སྨུག་པའི་ཐང་ཆེན་དུ། །

རེ་དོགས་བློ་ཡི་མྱུ་གུ་ཡོམ་པའི་དུས། །

ལུས་ཀྱི་བ་སྤུ་བསེད་བའི་ཆགས་པ་ཡིས། །

ཐ་སྙད་སོག་མའི་ཕོན་ཐག་སོ་སོར་བཅད། །

རང་བྱུང་ཆོས་ཉིད་ཤེལ་གྱི་རྩིག་ལྡེབས་སུ། །

དྲན་པས་མ་བཟུང་རྟོག་པའི་འགྱུ་བག་ལ། །

རྟག་པར་ཞེན་པའི་རང་རིག་ཨ་ཀ་མ། །

སྣང་བ་རྟེན་འབྲེལ་ཡིན་པས་སྐྱུར་ལ་ཞོག།

མཚམས་སྤྲིན་རླུང་གིས་བཤེར་བའི་རྣམ་རྟོག་གིས། །

འཇོ་སྒེག་རོལ་མོ་དབྱངས་སུ་སྒྲོག་པའི་རྩལ། །

རིག་བྱེད་ཚིག་གི་རྒྱུད་དུ་བཀལ་བ་ན། །

སྟོང་གསུམ་སྟོང་གི་འཇིག་རྟེན་གཡོ་བར་དོགས། །