ཟླ་བ། ངས་ཁྱོད་ལ་འབོད།

བྱ་དོར་ཕུན་ཚོགས་དབང་ཕྱུག

ཟླ་བ། ངས་ཁྱོད་ལ་འབོད།

གནམ་མཐའ་ནས་འཕྱུར་འོངས་པའི་མུན་ནག་གི་རླབས་ཕྲེང་དེས།

ངའི་འཇིག་རྟེན་ཧྲིལ་པོ་ནག་ཐིང་ཐིང་དུ་གྱུར།

ལག་སྙོབ་ཙམ་ཞིག་ལས་མདུན་ཐད་ན་ཅི་ཡང་མ་རིག་ཅིང༌།

ས་སྲོད་ལས་སྐྱི་གཡའ་བའི་དུས་ཚིགས་སུ།

ངས་ཚེ་སྲོག་ལ་འཇབ་རྒོལ་ཕོག་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱས།

སྐབས་དེར། སྙིང་དམར་པོའི་འཕར་སྒྲ་རྒྱུན་མི་ཆད་ལ།

ཁྲག་ཚ་བོའི་འཁོར་རྒྱུན་ཡང་ཇེ་མགྱོགས་ཇེ་མགྱོགས་རེད།

ཟླ་བ། ངས་ཁྱོད་ལ་འབོད།

མུ་མཐའ་མེད་པའི་སྟོང་ཁམས་ཀྱི་བང་རིམ་རེ་རེ་ན།

རླུང་བུ་དང་འདྲ་བའི་ངའི་རྣམ་ཤེས་ཀྱི་འབོད་སྒྲ་གཉོམ་པོས།

ཁུ་སིམ་སིམ། ཁུ་སིམ་སིམ་སྒོས།

མུན་ནག་གི་གཏིང་རུམ་ནས་སེམས་པ་གླན་ཞོར།

ཕ་མེས་ཀྱི་བང་སོར་གསོལ་འདེབས་གྲངས་མེད་གྱེར་མྱོང་ལ།

དུས་རབས་ཀྱི་སྐྱོ་གར་ལ་དྲན་གསོ་ཡང་ཡང་བྱེད་པར་ཐལ།

ཟླ་བ། ངས་ཁྱོད་ལ་འབོད།

འོད་སྣང་དབེན་པའི་སྐར་ཚོགས་ཀྱི་གཟུགས་བརྙན་མག་མོག་དག

བཞུད་ཟིན་པའི་དཔའ་བོའི་ཕྱིར་མིག་དང་ཞལ་ཆེམས་ལ་བརྩིས་ཆོག་ན།

སྟོང་ལྷང་ལྷང༌། སྟོང་ལྷང་ལྷང་གི་བར་སྣང་དེ་ཉིད།

ཁྱིམ་གཞི་བརླགས་ཟིན་པའི་དྭ་ཕྲུག་ཚོའི་གནས་ཁང་ཞིག་རལ་དང༌།

མེ་ཏོག་ཡལ་ཟིན་པའི་སྟོན་གཞུང་གི་མཚོན་དོན་མིན་ན་ཅི།

ཟླ་བ། ངས་ཁྱོད་ལ་འབོད།

རྒྱང་རིང་ན་ནག་ཡོར་ཡོར་དུ་མངོན་པའི་རི་ཚོགས་ཀྱི་བརྟན་བརླིང་དེ།

དམ་བཅའ་ཁྲི་སྟོང་གི་གནམ་གྱི་ཀ་བ་དེ་ལགས་རུང༌།

གྲང་ཅང་ཅང༌། གྲང་ཅང་ཅང་གི་མཚན་གུང་ན།

མུན་སྟུག་གི་ཁྲོད་དུ་སྐྱོ་གདུང་ལ་ཟད་མཐའ་མེད་པས།

ང་སྔར་བཞིན་མཚན་སྨག་ལ་འཇིགས་ཤིང་སྐྲག

གདུག་རྩུབ་ཀྱི་རྔམ་ཁ་རྒོད་པའི་མཚན་སྨག་ལ་འཇིགས་ཤིང་སྐྲག

ཟླ་བ། ངས་ཁྱོད་ལ་འབོད།

ཕྱི་རོལ་དུ་རི་སྤྱང་གི་འདུར་རྒྱུག་ཟམ་མི་ཆད་ཅིང༌།

ཉེ་འཁོར་དུ་བྱང་རླུང་གི་འུར་སྒྲ་བར་མེད་སྒྲོག་པས།

སྐྱོ་ལྷང་ལྷང༌། སྐྱོ་ལྷང་ལྷང་གི་གནམ་འོག་ཏུ།

གྲོགས་མེད་ཁེར་རྐྱང་དུ་ལུས་པའི་ཁོ་བོས།

རི་རབ་ལས་ལྕི་བའི་གོམ་འགྲོས་ལྗིད་ཏིག་ཏིག་ངང་སྤོ་ཞོར།

མཚན་ལྗོངས་ཀྱི་ཕ་མཐའ་ན་འཚེར་བའི་འོད་སྣང་ལ་རེ་སྒུག་བྱེད།

ཟླ་བ། ངས་ཁྱོད་ལ་འབོད།

ལོ་ཟླ་ཁ་ཆར་བཞིན་དུས་རབས་ཀྱི་པང་ཁར་བཞུར་འོངས་པ་དང༌།

སྡུག་བསྔལ་མེ་རླབས་ལྟར་རྩྭ་ཐང་གི་སྙིང་ཁར་མཆེད་སྐབས།

སྐྱུར་སིལ་སིལ། སྐྱུར་སིལ་སིལ་གྱི་གཏམ་རྒྱུད་དེ་ནི།

མཐོ་སྒང་གི་མཚན་མོའི་ཟློས་གར་དམར་རྗེན་ཡིན་ཞིང༌།

འདབ་ཆགས་ཀྱང་སྨྲེང་བའི་ལོ་རྒྱུས་ཀྱི་བྱུང་རབས་ངོ་མ་ཡིན་པས།

བདག་གི་སྙིང་གསོན་པོའི་འཕར་ཁ་རྡོ་འོག་ཏུ་གནོན་བཞིན་འདུག