ཆང་སྐྱེམས་བསྟོད་པ་བདེ་བ་འབུམ་རྫོགས།



ཡ···

ད་ངས་ཉི་ཤར་གྱི་རྩེ་མོ་དང༌། རྟེན་འབྲེལ་གྱི་འགོ་མ་ལ། ནས་འབྲུ་སྔོན་མོའི་ཉིང་ཁུ། བདག་གཞི་མགྲོན་གཉིས་ཀྱི་སྤྱི་མ། གླུ་ཀུ་རེ་གཉིས་ཀྱི་སྒོ་འབྱེད། ཆང་བདུད་རྩི་འདིར་བཤད་པ་ལན་གསུམ་རེ་བརྗོད་ན། །

ངའི་ལག་གི་བདུད་རྩི་ཆང་དཀར་འདིའི། །ཁ་ན་མི་འཇིག་གཡུང་དྲུང་ཡོད། །

སྐེད་ན་བཀྲ་ཤིས་རྟགས་བརྒྱད་ཡོད། །ཞབས་ན་པད་མ་འདབ་བརྒྱད་ཡོད། །

ནང་ན་བདུད་རྩི་ཟིལ་མ་ཡོད། །བདག་གཞི་མགྲོན་གཉིས་ཀྱི་གསོལ་སྐལ་ཡིན་ཟེར་རྒྱུ། །

ད་ངས་བདུད་རྩི་ཆང་འདིའི་བྱུང་སྲོལ་ཚོ་བཤད་ན། །སྔོན་བསྐལ་བ་དང་པོའི་དུས་སྐབས་སུ། །

མི་མགོ་ནག་རྣམས་ཀྱིས་ནས་འབྲུ་བཙལ། །དུས་དང་པོར་ལྷ་ཡུལ་ཁམས་ལ་བཙལ། །

དེའི་འཕྲོ་ནས་འཇིག་རྟེན་ཁམས་ལ་བཙལ། །དུས་མཐའ་མར་ཀླུ་ཡུལ་ཁམས་ནས་རྙེད། །

ས་དོག་མོ་དྲོད་ཀྱིས་དྲོས་དུས་སུ། །ཆུ་གཙང་བོའི་ཆབ་རོམ་ཞི་དུས་སུ། །

ཞིང་ལུད་རྫས་སྨན་ཆུ་གཏོར་གཏོར་བྱས། །ནས་སོན་བཟང་ཆར་བ་འབབ་འབབ་བྱས། །

ཆུ་གཙང་བོ་གསོལ་ཇ་འདྲེན་འདྲེན་བྱས། །ནས་མྱུ་གུ་རྦ་རླབས་འཕྱུར་འཕྱུར་བྱས། །

ཟོར་གོར་མོས་ཐང་མ་སྡུད་སྡུད་བྱས། །ཆང་བསྙལ་བའི་རྟེན་འབྲེལ་དེ་ནས་འགྲིག །

ལག་ལས་ཀ་ཅན་གྱི་མ་སྲུ་ཚོས། །ཟངས་སེར་པོའི་འཁར་ཟངས་གོར་མོ་ལ། །

ཆུ་གཙང་མོ་བླུགས་ནས་དག་འཁྲུད་བྱས། །ཤིང་འབྲུ་ཤུག་བདུགས་ནས་དག་གཙང་བྱས། །

ཐབ་གྲུ་བཞི་གསེར་ཁྲི་སྟེང་དུ་བསྐྱོན། །ནས་སྔོན་མོ་བླུགས་ནས་རླངས་བཙོ་བྱས། །

སྟོད་རྒྱ་གར་ཡུལ་གྱི་སྨན་རྩི་བསྲེས། །སྨད་རྒྱ་ནག་ཡུལ་གྱི་ཆང་བཅུད་བསྲེས། །

ཁྱོན་ཡངས་པའི་གཡུ་རྫ་མདོང་མོར་བསྙལ། །ལོ་ལ་བསྙལ་ནས་ལོ་ཆང་བཙགས། །

ཟླ་ལ་བསྙལ་ནས་ཟླ་ཆང་བཙགས། །ཞག་ལ་བསྙལ་ནས་ཞག་ཆང་བཙགས། །

ཆང་འགོ་མའི་འགོ་མ་འབབ་དུས་ན། །ཤིང་ཙན་དན་འདྲ་བའི་དྲི་ཞིག་ཁྱབ། །

ཤེལ་དྭངས་མ་འདྲ་བའི་མདངས་ཤིག་ཤར། །དེ་བླངས་ནས་ནམ་མཁའི་ལྷ་ལ་མཆོད། །

ལྷ་ཆོས་སྐྱོང་སྲུང་མས་མགོན་སྐྱབས་བྱས། །མི་མགོ་ནག་སྐྱིད་དོན་དེ་རེད་ཟེར། །

ཆང་བར་མའི་བར་མ་འབབ་དུས་སུ། །ཟས་སྦྲང་རྩི་འདྲ་བའི་དྲི་ཞིག་ཁྱབ། །

གཡུ་དྭངས་མ་འདྲ་བའི་མདངས་ཤིག་ཤར། །དེ་བླངས་ནས་གཉེན་པོ་བཙན་ལ་མཆོད། །

བཙན་གཉེན་པོ་དགྱེས་ནས་སྡོངས་གྲོགས་མཛད། །མི་མགོ་ནག་བཙན་དོན་དེ་རེད་ཟེར། །

ཆང་གཞུག་མའི་གཞུག་མ་འབབ་དུས་སུ། །ཟས་བུ་རམ་འདྲ་བའི་དྲི་ཞིག་ཁྱབ། །

ཆུ་དྭངས་མོ་འདྲ་བའི་མདངས་ཤིག་ཤར། །དེ་བླངས་ནས་འོག་གི་ཀླུ་ལ་མཆོད། །

ཀླུ་གདེངས་ཅན་དགྱེས་ནས་ཕྱྭ་གཡང་གནང༌། །མི་མགོ་ནག་ཕྱུག་དོན་དེ་རེད་ཟེར། །

ཆང་བྱུང་སྲོལ་བཤད་ན་དེ་འདྲ་རེད་ཟེར་རྒྱུ། །

ཡ ···

ད་ངས་ཆང་བདུད་རྩི་འདིའི་ཆེ་བ་རྣམ་གསུམ་བརྗོད་ན། །

འདི་ལོ་ལ་བསྙལ་བའི་ལོ་ཆང་ཡིན། །ལོ་ཆང་བདུད་རྩི་ཁམ་པ་ཡིན། །

ཟླ་ལ་བསྙལ་བའི་ཟླ་ཆང་ཡིན། །ཟླ་ཆང་བདུད་རྩི་ཟིལ་མ་ཡིན། །

ཞག་ལ་བསྙལ་བའི་ཞག་ཆང་ཡིན། །ཞག་ཆང་བདུད་རྩི་འཁྱིལ་བ་ཡིན། །

གངས་ཅན་ཡུལ་གྱི་ནས་བཅུད་ཡིན། །འཇིག་རྟེན་སྲིད་པའི་སྒྲུབ་ཆང་ཡིན། །

གེ་སར་རྒྱལ་བོའི་གསོལ་ཆང་ཡིན། །སྔགས་པ་རྣམས་ཀྱི་བུམ་ཆང་ཡིན། །

མཁས་པ་རྣམས་ཀྱི་གཏམ་ཆང་ཡིན། །གཉེན་པོ་རྣམས་ཀྱི་སྟོན་ཆང་ཡིན། །

དཔའ་བོ་རྣམས་ཀྱི་དཔའ་ཆང་ཡིན། །གཞོན་པ་རྣམས་ཀྱི་རྩེད་ཆང་ཡིན། །

ཆེ་རྒན་པ་བཀུར་བའི་འབུལ་བ་ཡིན། །མགྲོན་ཚུར་ཡོང་རྣམས་ཀྱི་བསུ་བ་ཡིན། །

མགྲོན་ཕར་འགྲོ་རྣམས་ཀྱི་རྫོངས་པ་ཡིན། །གྲོགས་བློ་མཐུན་སྒྲིག་པའི་བར་བ་ཡིན། །

གཏམ་ཀུ་རེ་འབྱེད་པའི་ལྡེ་མིག་ཡིན། །གླུ་རྩེད་རིག་གཉིས་ཀྱི་སྒོ་འབྱེད་ཡིན། །

ཐག་ཉེ་རིང་མེད་པར་གྲོགས་པོ་ཡིན། །སྨན་ནད་དུག་འཇོམས་པའི་གཉེན་པོ་ཡིན། །

སྐྱིད་མི་ལ་རེ་བའི་བརྔན་པ་ཡིན། །གཉེན་ཉེ་བོ་སྒྲིག་པའི་ཉེ་རྟགས་ཡིན། །

སྨན་བཟང་བོ་བསྡེབས་པའི་གྲུབ་ཆ་ཡིན། །སྐྱིད་གནམ་ལོ་གསར་བའི་ཟས་མཆོག་ཡིན། །

སྒོས་རྟགས་ཀ་སྟོན་མོའི་རྒྱན་ཆ་ཡིན། །

ཉིན་དེ་རིང་མགྲོན་པོའི་གསོལ་ཆང་ཡིན་ཟེར་རྒྱུ། །

ཡ ····

ད་ངས་ཆང་འདིའི་བཟང་བ་རྣམ་གསུམ་རེ་བརྗོད་ན། །

སྟེང་ལྷ་ལ་མཆོད་ན་མགོན་སྐྱབས་གནང༌། །བར་བཙན་ལ་མཆོད་ན་སྡོངས་གྲོགས་མཛད། །

འོག་ཀླུ་ལ་མཆོད་ན་ཕྱྭ་གཡང་བསྩལ། །ཕྱི་མགྲོན་པོར་དྲངས་ན་འགྲུལ་ངོ་ལོན། །

ནང་ཕ་ཁུར་དྲངས་ན་ཐུགས་དགོངས་དགྱེས། །ཕ་ཨ་ཁུས་འཐུངས་ན་དགྲ་ལྷ་འཁོར། །

སྟག་ཤར་བས་འཐུངས་ན་དཔའ་རྩལ་རྒྱས། །མ་བུ་མོས་འཐུངས་ན་ཟས་ལྷ་འཁོར། །

གཏམ་བཤད་དུས་འཐུངས་ན་ཁ་ལྕེ་བདེ། །གླུ་ལེན་དུས་འཐུངས་ན་སྐད་ངག་བདེ། །

སེམས་སྐྱིད་དུས་འཐུངས་ན་ཚེ་ཐག་རིང༌། ། ཡིད་སྐྱོ་དུས་འཐུངས་ན་སྤྲོ་བ་འཕེལ། །

ཐང་ཆད་དུས་འཐུངས་ན་ངལ་བ་སངས། །བློ་དུབ་དུས་འཐུངས་ན་རིག་པ་རྒྱས། །

ལུས་གྲང་དུས་འཐུངས་ན་དྲོད་ཤ་སྟེར། །དགུང་ཉལ་ཁར་འཐུངས་ན་གཉིད་ཀྱང་ཁུག

ལམ་རིང་བོ་བརྒྱུད་དུས་འགྲོ་རོགས་ཉན། །རང་གཅིག་པུ་ཡིན་དུས་འདུག་རོགས་ཉན། །

གྲོགས་བཟང་པོར་ཐུག་དུས་ལབ་རོགས་ཉན་ཟེར་རྒྱུ། །

ཡ ····

ད་ངས་ཡོན་ཏན་བརྒྱ་དང་ལྡན་པའི་བདུད་རྩི་འདི། །

དང་བོར་ནམ་མཁའི་ལྷ་ལ་མཆོད། །མི་མགོ་ནག་རྣམས་ལ་བདེ་སྐྱིད་སྩོལ། །

དེ་ནས་གཉན་པོ་བཙན་ལ་མཆོད། །མི་མགོ་ནག་རྣམས་ལ་སྡོངས་གྲོགས་མཛད། །

དེ་ནས་གདེངས་ཅན་ཀླུ་ལ་མཆོད། །མི་མགོ་ནག་རྣམས་ལ་ཕྱྭ་གཡང་སྩོལ། །

དེ་ནས་ཁྲོམ་པའི་གྲལ་ལ་འདྲེན། །སྐྱིད་ལ་གླུ་ལེན་གར་རྩེ་བྱོས་ཟེར་རྒྱུ། ། ། །

རྟ་མགྲིན་གྱིས་བསྡུས་པ། མཚོ་སྔོན་མང་ཚོགས་སྒྱུ་རྩལ་༨༥ལོའི་དེབ་༤པ་ལས་བདམས། །