ཆོས་ཀྱི་གོ་དོན།



གོང་ས་མཆོག་གིས། ཆོས་ཞེས་པ་ནི་མགོ་སྐོར་གཏོང་རྒྱུའི་གོ་སྐབས་དང་ཉེན་ཁ་སླེབས་སྐབས་མགོ་སྐོར་མི་གཏོང་བ་དང་། རྒྱག་རེས་རྒྱག་རྒྱུའི་ཉེན་ག་སླེབས་སྐབས་རྒྱག་རེས་མི་རྒྱག་པ། མི་ལ་སེམས་གནག་བྱེད་པའི་གོ་སྐབས་བྱུང་སྐབས་སེམས་གནག་མི་བྱེད་པ་བཅས་ནི་ཆོས་བྱས་པ་ཞིག་ཡིན་པ་ལས། མཆོད་ཁང་ནང་ཆོས་བྱེད་ཀྱི་ཡོད་ཅེས་མིག་བཙུམ་ནས་འདོན་པ་འདོན་པ་དང་སྔགས་བགྲང་བ་སྒོམ་རྒྱག་པ་ལྟ་བུ་བྱས་ཀྱང་། མི་ཚེ་སྐྱེལ་སྐབས་ཆགས་སྡང་གི་གཞན་དབང་དུ་ཕྱིན་ན་དེ་ནི་ཆོས་བྱས་པ་ཞིག་ག་ལ་ཡིན། དཔེར་ན། སྨན་ནི་ན་བའི་སྐབས་སུ་ཟ་དགོས་པ་ལས་གཟུགས་གཞི་བདེ་ཐང་ཡིན་པའི་གནས་སྐབས་སུ་སྨན་ཟ་དགོས་དོན་མེད། དེ་བཞིན་ཆོས་ཞེས་པ་དེ་ཡང་ཕྱི་ནང་གི་ཡུལ་རྐྱེན་འཕྲད་པའི་སྒོ་ནས་ཉོན་མོངས་མངོན་དུ་གྱུར་ནས་ཆགས་སྡང་གི་ལས་གསོག་པའི་མཚམས་སུ་སླེབས་སྐབས། དེ་ལྟར་མི་རུང་བསམ་པའི་དྲན་ཤེས་ཀྱིས་ཟིན་པ་བྱས་ཏེ་སྡོམ་དགོས་པ་ཡིན། ཞེས་དང་། ཆོས་ཞེས་བྱ་བ་སེམས་རྒྱུས་འཆོས་པ་ཡིན་ཞེས་གསུངས་པ་ལྟར། མདོར་ན། ཆོས་བྱེད་ཟེར་བ་ནི། གང་ཟག་རང་རང་རང་སོ་སོའི་ནང་གི་སེམས་རྒྱུད་མ་རུང་བ་དེ་གང་ཐུབ་ཅི་ཐུབ་ཀྱིས་བཅོས་བསྒྱུར་བཏང་ནས་བཟང་པོའི་ཕྱོགས་སུ་དཀྲི་ཐབས་བྱ་རྒྱུ་དེ་ཡིན་པར་གདའོ། །