ཏཱ་ན་དགེ་འདུན་བློ་བཟང་ལགས་ནི།༡༩༧༧ ལོར་རེབ་གོང་མདོ་བ་འབྲོག་ནས་སྐྱེས་ཤིང་། ལོ་ན་ཆུང་དུས་ཡུལ་དེ་གའི་སློབ་ཆུང་འགྲིམ་ནས་ཐར་ཕྱིན། ལོ་བཅོ་བརྒྱད་སྟེང་ནས་རབ་ཏུ་བྱུང་ཞིང་མདོ་བ་དགོན་མདོ་སྔགས་དར་རྒྱས་གླིང་ལ་ཚོགས་ཞུགས་བྱས་ཤིང་། འདོན་ཆོས་སྤྱོད་བློ་འཛིན་བྱེད་ཞོར་རེབ་གོང་རོང་བོ་དགོན་ཆེན་ནས་མདོ་སྔགས་གཞུང་ལུགས་སྨྲ་བ་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་གཙོས་གྱུར་བའི་དམ་པ་དག་གི་མདུན་ནས་བཀའ་གདམས་གསར་རྙིང་གི་ལམ་རིམ་དང་ཐུན་མོང་རིག་གནས་ལ་སྦྱངས་པ་མི་དམན་པ་བྱས་ཤིང་། ཞོར་དུ་རྗེས་ལུས་ཀྱི་རྐང་རྒྱུགས་དང་མེ་རི་སོགས་དུས་དེབ་རེ་འགའ་སྒྲུབ་པའི་འགན་བླངས་པ་མ་ཟད། རང་གིས་སྙན་ངག་རེ་གཉིས་དུས་དེབ་དང་ཚགས་ཤོག་འགའ་རེར་བཀོད་མྱོང་།

༢༠༠༢ལོར་རྐྱེན་ངན་གྲོགས་ཤར་གྱི་བགྱི་བ་དང་དུ་བླངས་ནས་འཕགས་ཡུལ་ལྷོ་ཕྱོགས་སེར་ར་དགོན་པར་ཚོགས་ཞུགས་བྱས་ཏེ་ལས་ཀྱི་སློབ་དཔོན་ཆེན་མོ་དགེན་བློ་བཟང་སྙན་གྲགས་སོགས་ཀྱི་སྤྱན་སྔར་གཞུང་ཆེན་མོ་ལ་ཧུར་བརྩོན་ཅི་ནུས་བགྱིས་ཤིང་། ཞོར་དུ་ལྗང་རླུང་ཚོགས་པ་དང་ཚགས་པར་གཉིས་ཀྱི་གཙོ་འགན་བླངས་ཏེ་ཡོད། སློབ་གཉེར་གྱི་ཟུར་ནས་མཚོ་སྔོན་པོའི་ཟིན་བྲིས་སོགས་སུ་ཟིན་བྲིས་ཀྱང་ཁོམ་པ་གང་ཡོད་དང་བསྟུན་ནས་སྤེལ་ཅིང་། པིར་མིང་ལ་རླུང་ནག་ཏུ་འབོད།