གྲྭ་ཤག

དགའ་དགའ།

སྒོ (༡)

རྒྱུས་ཡོད་ཀྱི་གོམ་སྒྲ་ཁ་ཤས་ལས

རྒྱུས་མེད་ཀྱི་ངོ་གདོང་ཁ་ཤས་མངོན

སུ་ཡིན་ནམ སུ་ཡིན་ནམ

སོས་དལ་གྱི་མགྲོན་པོ་ལགས

དོན་མེད་དུ་སྒོ་མ་རྡུང་།

ཁང་མིག (༢)

བསྟར་ཕྲེང་ཞོལ་མ་དེའི་གྲལ་གྱི་ཁང་མིག

མིག་ཆུ་དང་མྱ་ངན་མེད་པའི་ཁང་མིག

བརྩམས་ཆོས་དང་སྒྱུ་རྩལ་གྱི་ཕྱུག་པའི་ཁང་མིག

སྙན་ངག་པའི་བློས་བསླངས་ཀྱི་ཁང་མིག

ཡང་ན ཁང་མིག་འདི་ཆེ་དྲགས

ཡང་ན ཁང་མིག་འདི་ཆུང་དྲགས

དཔེ་སྒྲོམ།(༣)

ཚེ་སྲོག་གསར་བ་ཞིག་སླེབས་པ་དཔེ་ཆ་གསར་བ

དཔེ་ཆ་གསར་བ་དེའི་ཁྲག་རྒྱུན་གྱིས

དཔེ་སྒྲོམ་རྙིང་བ་དེ་ལ་གསོན་ཤུགས་རྒྱས

དཔེ་སྒྲོམ་ལ་ཚོན་རྩི་བྱུགས་པའི་གླེན་རྟགས་གཡུག་ཞོག

དོན་དངོས་སུ་རང་ཉིད་གཅེར་བུ་ཡིན་པ་གོ་བར་གྱིས

ཉལ་ཁྲི།(༤)

རོལ་དབྱངས་སྙན་མོ་ཞིག་གིས

བསམ་གཞིག་གི་སྒོ་འཕར་ཕྱེ

སྟོང་བསམ་གྱི་ཨ་ལོང་གཅིག་སྒོར་གཉིས་སྒོར

གན་རྐྱན་དུ་ལོག་ནས་ངལ་གསོ་བ་ནི་བདེ་སྐྱིད་དོ

རྩིབས་ལྡེབས་ཀྱི་འདྲ་སྐུ།(༥)

འབར་འབུར་གྱི་རྩིག་ལྡེབས་སུ

བླ་མ་ཅིག་གི་འདྲ་སྐུ་བག་ཕེབས་ཀྱིས་བཞུགས

བླ་མ་དེའི་ཕྱག་རྒྱ་ནི་མཉམ་བཞག་སྟེ

རང་ཅག་གཉིད་ལ་སྐུལ་བ་དང་འདྲའོ

གློག་ཞུ།(༦)

མུན་པའི་སྐྱིབས་སུ་བསམ་བློའི་འོད་ཟེར་འཕྲོས

འོད་ཟེར་གྱིས་མུན་པ་མཐར་སྤྲོད་བཏང

མུན་པ་དེ་འོད་ཟེར་ལ་སྡང་ཡང

གཏན་ཚིགས་དེའི་དབང་གིས

འོད་ཟེར་མཐོང་དུས་མུན་པ་འབྲོ་དགོས

ཆུ་ཚོད་འཁོར་ལོ།(༧)

ཁུ་སིམ་མེར་ཡོད་དུས

མི་ཆེ་ཆུང་གསུམ་གདན་གཅིག་ཏུ་འཛོམས

ཅ་ཅོ་སྒྲོགས་པའི་མི་གཟུགས་རིང་དེ་འཚབ་འཚུབ་ལ་བུད་རུང

མི་འབྲིང་བོ་དེ་མ་གཏོགས་སྒུལ་མ་ཐུབ

མི་གཟུགས་ཐུང་དེ་གཉིད་དུ་ཡུར་རུང

ཁོང་གཉིས་ཀྱི་འགུལ་སྐྱོད་ཚོར་ཐུབ

སྒེའུ་ཁུང་།(༨)

ཕྱི་རོལ་གྱི་འཇིག་རྟེན་མཛེས་སྡུག་ལྡན་ལ

ཤེལ་དྲ་ལས་མཐོང་བའི་ཕྱི་རོལ་ལྟ་ན་སྡུག་གོ

ཞོགས་པའི་བསིལ་ཆར་ཁྲོད

སྒེའུ་ཐེམ་གྱི་མེ་ཏོག་ཁ་ཤས་མངོན་སྲིད་ལ

མེ་ཏོག་དེའི་འཛུམ་མདངས་ལ

སྐྱེ་བོ་ཚོའི་མིག་ཞགས་འཕེན་ངེས

རང་ཉིད། (༩)

པུས་བཙུགས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར

གཏམ་རྒྱུད་ཙམ་བསྒྲིགས་ཏེ་རང་ཉིད་ངོ་མ་བཙལ

ཨ ང་ཨང

སྒོ་ཐེམ་ལས་འབུད་འདོད་ཀྱང་འབུད་མ་ཐུབ

༢༠༠༤ལོའི་ཟླ༤ཚེས༡ཉིན་སེ་ར་ཐེག་ཆེན་གླིང་ནས།