དགའ་ལྡན་ལྔ་མཆོད།



བྱ་གཞུང་དབྱངས་བྷ།



མར་མེའི་མེ་ལྕེ་སེར་པོ གཉོམ་ལྷེམ་ལྷེམ

ཅི་ཞིག་འཆད་རྩིས་ཀྱིས་འགུལ་ཙམ་འགུལ་ཙམ་བྱེད་པའི

མཆུ་སྒྲོས་རེ་རེ་དང་འདྲ ལྕེ་ལེབ་རེ་རེ་དང་འདྲ

ཚག་ཚག་འཚིག་གིན་པའི་དལ་རྟེན་རེ་རེ་དང་འདྲ

མཆུ་སྒྲོས་དག ལྕེ་ལེབ་དག དལ་རྟེན་དག

ངའི་ཁང་པའི་བྱ་འདབ་འོག་དང་བར་སྐོར་དུ

པོ་ཏ་ལའི་ཕྱོགས་སུ་འགུལ་ཙམ་འགུལ་ཙམ་བྱེད

ངའི་མཆུ་སྒྲོས་ཀྱང འགུལ་ཙམ་འགུལ་ཙམ་བྱས་པའི་མོད་ལ

ངག་ནས་མ་ཐོན་པ་དག་མིག་ལས་ཤོར་སོང



[ཕྲན་དཔྱད /བྱང་སྒྲ་སྙན།(རྨ་ལྷོ)] སྙན་ཚིག་འདི་རུ་རྩོམ་པ་པོས་དགའ་ལྡན་ལྔ་མཆོད་དུས་ཀྱི་མར་མེའི་མེ་ལྕེ་སེར་པོ་མཐོང་བ་དང་མཉམ་དུ་སེམས་པའི་གཏིང་སར་ཉར་བའི་ཚོར་བ་རྣོན་པོ་དག་དབང་མེད་དུ་ཕྱི་རུ་འཕགས་ནས་བྱུང་བ་སྟེ། མར་མེ་རེ་རེ་སྲོག་ལྡན་གྱི་གཟུགས་སུ་མཐོང་བ་དང༌། སྲོག་ལྡན་དག་གི་མཆུ་སྒྲོས་དང་ལྕེ་ལེབ། དལ་རྟེན་་་་སོགས་ཀྱིས་མཚོན་པའི་གཟུགས་ཅན་གྱི་དངོས་པོ་དག་མིག་ལམ་དུ་བརྒྱུད་པ་ལྟ་བུའི་སྙན་ངག་གི་འདྲེས་ཚོར་དེས་བོད་མི་རིགས་ཀྱི་བླ་སྲོག་གི་དཔང་བོ་ཕོ་བྲང་པོ་ཏ་ལ་སོགས་དཔེ་དང་གབ་པའི་སྒོ་ནས་དད་པའི་རྟེན་ཡུལ་དུ་བཀོད་ཡོད་པ་རེད། དེ་འབྲེལ་མར་མེའི་མེ་ལྕེ་སེར་པོའི་གཡོ་འགུལ་གྱི་བརྡ་བཤད་དང་འགྲོགས་ནས་རྩོམ་པ་པོའི་སེམས་རྒྱུད་དུ་སྐུང་བའི་སྨྲ་བསམ་བརྗོད་འདས་ཀྱི་གཏམ་རྒྱུད་མང་པོ་ཞིག་དངོས་ཤུགས་གང་རུང་ནས་བརྗོད་ཀྱིན་ཡོད་པ་ནི། ཕྱོགས་གཅིག་ནས་མེས་པོའི་རི་རབ་བཞིན་རྔམ་བརྗིད་ཀྱིས་བཏེགས་པའི་མཁས་མཛངས་ལ་དད་སྨོན་གྱི་དགའ་བ་རྒྱས་པ་དང༌། ཕྱོགས་གཞན་ཞིག་ནས་ལོ་རྒྱུས་ཀྱི་ཕམ་ཉེས་ཀྱིས་བསྐྲུན་པའི་གོད་ཆག་ལ་ཞེ་གཏིང་ནས་མྱ་ངན་གྱི་ལྷག་བསམ་མཚོན་པ་ཅན་ཞིག་སྟེ། ལོ་རྒྱུས་ཀྱི་མི་སྣ་ཞིག་ལ་རྗེས་དྲན་བྱེད་པའི་མར་མེ་རྐོང་བུ་གང་བོ་དེ་ཡང་དུས་ཀྱི་བརྡབ་གསིག་ལས་བདེ་སྐྱིད་ཀྱི་སེམས་ངོ་འཕྲོག་པའི་མི་ཞིག་གི་མིག་མདུན་དུ་གཉོམ་ལྷེམ་ལྷེམ་དུ་གྱུར་བ་མ་ཟད། ཞེན་ཆགས་ཀྱི་ཕྱི་མིག་དང་འདོད་བརྩེའི་སེམས་ཁུར་གྱིས་ཅི་ཞིག་འཆད་ལ་ཁད་ཀྱི་གནས་སྟངས་དེ་བཤད་ནས་ཡོད།

སྤྱིར་ན་སྙན་ངག་འདི་ལྟ་བུ་རྩོམ་པ་པོ་སྒེར་གྱི་རང་གྲུབ་བསྡུས་བརྗོད་ཀྱི་ཁོངས་སུ་གཏོགས་པས་ཀློག་པ་པོའི་ངོས་ཐད་ནས་བཤད་ན་མཐོང་སྣང་དང་དྲན་ཚོར་མི་འདྲ་བ་མང་པོ་ཞིག་གིས་བསྟན་དོན་ལ་གོ་བ་འཇུག་ཚུལ་ཤིན་ཏུ་ཐ་དད་ཡིན་སྲིད་མོད། ཕ་མེས་ཀྱི་མཚན་དཔེ་བཟང་བོའི་ཐུ་འོག་ནས་བསྐྱེད་པའི་རྩོམ་པ་པོའི་ཆེས་མཛེས་སྡུག་གི་སེམས་ཁམས་དེ་དགའ་ལྡན་ལྔ་མཆོད་དུས་ཀྱི་མར་མེའི་འོད་ཟེར་གྱི་ཀློང་ན་གཉོམ་དུངས་དུངས་སྒོས་མངོན་གྱིན་ཡོད་པ་དེས་འགྲོ་བ་མིའི་རིགས་ནད་མེད་ཚེ་རིང་དང་འཚོ་བ་བདེ་སྐྱིད་ཡོང་བར་སྨོན་འདུན་ཞུ་བའི་སྤྱི་མཐུན་གྱི་ཆ་ཞིག་མངོན་ནས་ཡོད་པའམ། ཡང་ན་འཛམ་གླིང་ཞི་བདེ་ཅན་དུ་སྐུལ་བར་ཅི་ཞིག་འཆད་རྩིས་ཀྱིས་མཆུ་སྒྲོས་འགུལ་ཙམ་འགུལ་ཙམ་བྱེད་པ་དང༌། གནོད་སྐྱོན་ཆག་འཇིག་ཞི་བའི་སྔོན་འགྲོའི་དལ་རྟེན་དུ་མར་མེ་འོད་སྣང་ལྟ་བུའི་ས་ལམ་ཞིག་སྙན་ཚིག་གི་དབྱངས་འགྲོས་སུ་འཁོར་ནས་ཡོད་པ་མ་ཟད། དབྱངས་འགྲོས་དེའི་ཁོངས་སུ་རྩོམ་པ་པོ་ཁོ་རང་འཚོ་བ་ལ་དུངས་ཞེན་ཆེ་བ་དང་བྱམས་བརྩེ་ལ་བརྩི་འཇོག་ཆེ་བའི་བློ་སྟོབས་དང་ལྡན་པའི་མི་ཕོ་ཞིག་ཡིན་པ་ཀུན་ལ་གསལ་བོར་བསྟན་ཡོད་པས་ན། སྙན་ཚིག་ཐུང་ངུ་འདིའི་བསྟན་དོན་གྱི་ཆ་དེ་ཅུང་ཁོངས་ཡངས་ཤིང་སློབ་སྟོན་གྱི་བྱེད་ནུས་དང་ལྡན་པ་ཞིག་རེད་སྙམ་མོ༌།