དགེ་འདུན་ཆོས་འཕེལ་གྱི་བུད་མེད་ཀྱི་རབ་བྱེད། ༡

མཁས་དབང་དགེ་འདུན་ཆོས་འཕེལ།

འདོད་པའི་ཁམས་འདི་འདོད་ཆགས་ས་པ་སྟེ། ། སྐྱེ་བོ་ཐམས་ཅད་འདོད་པ་དོན་དུ་གཉེར། །

འདོད་པའི་ལོངས་སྤྱོད་ཀུན་གྱི་ཕུལ་བྱུང་བ། ། ཕོ་མོ་གཉིས་སྦྱོར་འདོད་པའི་བདེ་བ་ཉིད། །

བུད་མེད་མི་འདོད་སྐྱེས་པ་སུ་ཞིག་ཡོད། ། སྐྱེས་པ་མི་འདོད་བུད་མེད་སུ་ཞིག་ཡོད། །

ཕྱི་རོལ་རྫུ་ཡི་ཁྱད་པར་མ་གཏོགས་པ། ། ཐམས་ཅད་ཀུན་ཀྱང་འདི་ལ་དགའ་བར་ངེས། །

སིངྒ་ལ་པའི་ཨུདྒུ་ཏ་རའི་མདོར། ། བཅོམ་ལྡན་འདས་ཀྱི་ཞལ་ནས་འདི་སྐད་གསུངས། །

གཟུགས་ཀྱི་ནང་ན་མཛེས་པའི་མཐར་མཐུག་པ། ། སྐྱེས་པའི་མིག་ལ་བུད་མེད་གཟུགས་ཡིན་ཅིང་། །

བུད་མེད་མིག་ལ་སྐྱེས་པའི་གཟུགས་ཡིན་ཏེ། ། འདི་ལས་ལྷག་པའི་མཛེས་པ་ངས་མ་མཐོང་། །

སྒྲ་ཡི་ནང་ན་སྙན་པའི་མཐར་མཐུག་པ། ། སྐྱེས་པའི་རྣ་བར་བུད་མེད་སྒྲ་ཡིན་ཅིང་། །

བུད་མེད་རྣ་བར་སྐྱེས་པའི་སྒྲ་ཡིན་ཏེ། ། འདི་ལས་ལྷག་པའི་སྙན་པ་གང་ཡང་མེད། །

དེ་བཞིན་དྲི་དང་རོ་དང་རེག་བྱ་ཡི། ། འདོད་ཡོན་ལྷག་མ་གསུམ་ལའང་སྦྱར་ཏེ་གསུངས། །

འདོད་ཁམས་ས་ཡི་སྟེང་དུ་སྐྱེས་པའི་མི། ། མི་མཐུན་རིགས་ཅན་ཕོ་མོ་གཉིས་ཀས་འདོད། །

འདོད་པའི་བདེ་བ་བདེ་བའི་ནང་ན་མཆོག ། མཆོག་དམན་ཀུན་གྱིས་རྙེད་པར་སླ་བའང་ཡིན། །

གལ་ཏེ་འཁྲིག་པའི་འབྲེལ་བས་མ་བསྡུས་ན། ། ཕོ་མོའི་རིགས་ནི་འདི་ལྟར་ཐ་དད་པས། །

འཇིག་རྟེན་ཁམས་སུ་སྡེ་གཉིས་ཆད་གྱུར་ཏེ། ། རྟག་ཏུ་གཡུལ་དང་རྒོད་ཀྱིས་གནས་པར་ངེས། །

དགོན་པའི་ནགས་སུ་བཞུགས་པའི་དགེ་སློང་རྣམས། ། འདི་ཡི་རིན་ཐང་ཆེ་ཆུང་མི་མཁྱེན་མོད། །

དལ་འབྱོར་བཅོ་བརྒྱད་ལྡན་པའི་ལུས་རྟེན་ཀྱང་། ། ཐོག་མའི་རྟེན་འབྲེལ་དང་པོ་འདི་ནས་འགྲིག །

བུད་མེད་སྤངས་ན་མི་ཡི་འཇིག་རྟེན་ཁམས། ། སྐད་ཅིག་ཙམ་ལ་ངེས་པར་སྟོང་འགྱུར་ཞིང་། །

མི་ཡི་སེམས་ཅན་མེད་ན་དགེ་སློང་དང་། ། སངས་རྒྱས་བསྟན་པ་དེ་ལས་ག་ལ་འོང་། །

རྒྱན་དྲུག་མཆོག་གཉིས་རྒྱ་གར་ཡུལ་དུ་བྱོན། ། སྟོན་པ་གཤེན་རབ་འོལ་མོ་ལུང་དུ་འཁྲུངས། །

ཏ་མིང་རྒྱལ་པོ་རྒྱ་ནག་ཁབ་ཏུ་སྐྱེས། ། དངོས་པོའི་འབྱུང་ས་གང་ཡིན་བཤད་མི་དགོས། །

ཚངས་པའི་ཁ་ནས་བྲམ་ཟེའི་རིཊ་བྱུང་ཞེས། ། མུ་སྟེགས་གཞུང་ལས་བཤད་པ་བདེན་དཀའ་ཡང་། །

བུད་མེད་འདོམས་ནས་རིགས་བཞི་ཀུན་སྐྱེས་པ། ། མཁས་བླུན་སྐྱེ་བོ་ཀུན་ཀྱང་བསྙོན་དུ་མེད། །

སྤྲང་པོའི་མི་ཡིས་གསེར་ལ་སྣ་གཉེར་བྱེད། ། ལྟོགས་པའི་མགྲོན་གྱིས་ཟས་ལ་མཆིལ་མ་འདེབས། །

ཀུན་གྱིས་ཁ་ནས་སྨོད་པ་འདི་ཡིན་ཀྱང་། ། ཀུན་གྱིས་སེམས་ནས་དགའ་ས་འདི་ཉིད་ཡིན། །

ས་སྟེང་ངོ་མཚར་གང་ཡིན་མི་ཡིས་བསྒྲུབས། ། མི་ཡི་འགྲོ་བ་ཕོ་མོ་གཉིས་ལས་གྲུབ། །

དེ་ལྟར་བསམ་ན་དབང་པོ་གཉིས་སྦྱོར་ལས། ། ལྷག་པའི་དོན་ཆེན་བྱ་བ་ཅང་སྲིད་དམ། །

རྒྱུ་རྐྱེན་འདུས་པའི་འཕྲུལ་ཀུན་མཚར་བ་སྟེ། ། ཕོ་མོ་འདུས་པའི་འཕྲུལ་འདི་ཀུན་ལས་མཚར། །

ངོ་མཚར་རིག་གནས་བླུན་པོ་ཐམས་ཅད་ཀྱིས། ། མ་བསླབ་ངང་གིས་ཤེས་པ་ལྷག་པར་མཚར། །

ངོ་མཚར་གནས་ལ་མཚར་དུ་མི་འཛིན་པ། ། ས་སྐྱ་བླ་མས་བླུན་པོའི་རྟགས་སུ་གསུངས། །

ཨ་ཅང་ཁོ་བོ་དེང་སང་སྨྱོན་པ་སྟེ། ། མ་སྨྱོས་པ་རྣམས་བཞད་གད་བྱེད་ཀྱང་སྲིད། །

བདེ་བ་མྱོང་བ་དེ་ཡང་དོན་ཆུང་མིན། ། རིགས་རྒྱུད་བསྐྱེད་པ་དེ་ཡང་དོན་ཆུང་མིན། །

བདེ་སྟོང་ངང་ནས་ཆགས་ལམ་སྐྱོང་ནུས་ན། ། དེ་ལས་ཀྱང་ནི་དོན་ཆུང་ག་ལ་ཡིན། །

འོས་པའི་ལས་རྣམས་དངོས་སུ་བཀག་པ་ན། ། མི་འོས་ལས་རྣམས་ལྐོག་ཏུ་བྱེད་ངེས་པས། །

སྐྱེ་བོ་རྣམས་ཀྱི་མ་བཅོས་འདོད་པ་འདི། ། ཆོས་དང་འཇིག་རྟེན་ཁྲིམས་ཀྱིས་ག་ལ་ནོན། །

དྭངས་མ་དྲུག་ལྡན་རྡོ་རྗེའི་གྲོང་ཁྱེར་དུ། ། འཁོར་ལོ་ལྔ་ལྡན་རྩ་ཡི་འཕྲུལ་འཁོར་ལ། །

རང་བཞིན་གཤིས་ཀྱིས་གནས་པའི་བདེ་བ་འདི། ། སྐྱོན་དུ་བཟུང་ནས་དགག་པ་ཅི་ལ་འཐད། །

འདོད་པའི་དོན་ལ་དགའ་བ་འདོད་ཆགས་ཏེ། ། འདོད་པའི་དོན་ལ་དགའ་བ་དད་པ་ཉིད། །

མི་འདོད་དོན་ལ་འཇིགས་པ་ཞེ་སྡང་སྟེ། མི་འདོད་དོན་ལ་འཇིགས་པ་ངེས་འབྱུང་ཉིད། །

འདོད་དང་མི་འདོད་སེམས་ཀྱི་ཁྱད་ཆོས་ཏེ། ། བསྒྱུར་དུ་བཏུབ་ཀྱང་སྤང་དུ་མེད་པ་ལགས། །

དེས་ན་ཉོན་མོངས་ལམ་དུ་བྱེད་པ་འདི། ། ཞིབ་ཏུ་དཔྱད་ཚེ་ཐེག་པ་ཀུན་གྱི་ལུགས། །

རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་། ། རྒྱལ་པོའི་རྒྱལ་སྲིད་སྤྲང་པོའི་འཚོ་ཐབས་སོགས། །

ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་། ། མེད་དུ་མི་རུང་བ་ནི་བུད་མེད་ཡིན། །

འདོད་པའི་དོན་ལ་སྨོན་ལམ་འདེབས་པ་དང་། ། ལྷག་པའི་ལྷ་ལ་མཆོད་སྦྱིན་བྱེད་པ་སོགས། །

བུད་མེད་དག་དང་ལྷན་ཅིག་བསྒྲུབ་ན་ནི། ། བསླུ་མེད་འབྲས་བུ་མྱུར་དུ་སྨིན་པར་བཤད། །

ཡངས་པའི་འཇིག་རྟེན་མྱ་ངམ་ཐང་བཞིན་ཆེ། ། ལས་མང་ཁུར་གྱིས་སྐྱེས་བུ་ངེས་པར་སྐྱོ། །

དེ་ལ་དགའ་བའི་སྤྲོ་བ་སྦྱིན་ནུས་པའི། ། རྩེ་གྲོགས་བུ་མོ་ལས་ཀྱིས་སྤྲུལ་པ་འདྲ། །

མཐོང་བས་ཡིད་དགའ་གཟུགས་ཀྱི་ལྷ་མོ་སྟེ། ། རིགས་རྒྱུད་བཟང་པོ་བསྐྱེད་པའི་ཞིང་ས་ཡིན། །

སྡུག་པའི་ནད་གཡོག་བྱེད་པའི་མ་མ་དང་། ། སྐྱོ་བའི་སེམས་གསོ་གཏོང་བའི་སྙན་ངག་མཁན། །

ཁྱིམ་གྱི་ལས་ཀུན་བྱེད་པའི་གཡོག་མོ་སྟེ། ། ཚེ་གཅིག་རྩེ་དགས་སྐྱོང་བའི་གྲོགས་མོ་ཉིད། །

སྔོན་བསགས་ལས་ཀྱིས་འབྲེལ་བའི་ཆུང་མ་ལ་། ། ཡོན་ཏན་རྣམ་པ་དྲུག་པོ་འདི་དག་ལྡན། །

བུད་མེད་རྣམས་ནི་མི་བརྟན་གཡེམ་མ་ཞེས། ། བཤད་པ་འདི་ཡང་ཤིན་ཏུ་མི་བདེན་ཏེ། །

བྱི་བོའི་ལས་ལ་ཕོ་མོ་ཁྱད་མེད་ཅིང་། ། ཞིབ་ཏུ་བསམ་ན་ད་དུང་སྐྱེས་པ་ཐུ། །

རྒྱལ་པོ་ཞིག་ལ་བཙུན་མོ་སྟོང་བླངས་པ། ། ད་དུང་ཡོན་ཏན་ཚུལ་དུ་སྒྲོག་པར་བྱེད། །

བུད་མེད་གཅིག་ལ་མག་པ་བརྒྱ་ཡོད་ན། ། དཔེ་མི་སྲིད་པ་བཞིན་དུ་ཇི་ཙམ་སྨད། །

ནོར་ལྡན་རྒན་པོ་ཁ་བའི་སྐྲ་ལོ་ཅན། ། ན་ཆུང་བུ་མོ་བདམས་ནས་ཉོ་བར་བྱེད། །

བཙོང་པའི་ཡོ་བྱད་ཙམ་གྱི་རྩིས་ཐང་ཅན། ། ཀྱེ་མ་བུད་མེད་རྣམས་ལ་དཔུང་གཉེན་མེད། །

ཏ་ཟིག་ཡུལ་དུ་རྒན་པོ་རེ་རེས་ཀྱང་། ། ཆུང་མ་གཞོན་ནུ་ལྔ་ཙམ་ལེན་པ་སྟེ། །

ཆུང་མ་གཅིག་གིས་ལོག་གཡེམ་སྤྱད་བྱས་ཀྱང་། ། དེ་མ་ཐག་ཏུ་གསོན་བསྲེགས་བྱས་ཏེ་གསོད། །

གཅིག་ལ་བུ་མོ་ལྔ་ཡིས་ཚིམ་ནུས་མོད། ། ལྔ་ལ་རྒད་པོ་གཅིག་གིས་ཇི་ལྟར་ཚིམ། །

དེ་ལྟར་འཇིག་རྟེན་རྒྱལ་ཁམས་དུ་མ་ན། ། ནོར་ལྡན་རྣམས་ཀྱི་རང་འདོད་ཁྲིམས་སྲོལ་མང་། །

དེ་ལ་ཡ་རབས་ཆོས་སུ་མིང་བཏགས་ཤིང་། ། ཡུལ་གྱི་རྒྱལ་པོའི་ཐུགས་དང་འཕྲོད་གྱུར་པས། །

མཁས་པ་རྣམས་ཀྱང་རྗེས་སུ་འཛུམ་སྟོན་པ། ། བསམ་ཞིང་བསམ་ན་ཡི་ཆད་སངས་དུས་མེད། །

དེས་ན་རིགས་མཐུན་སྐྱེ་བོས་མགྲིན་གཅིག་ཏུ། ། བསྒྲགས་པའི་ངར་སྐད་ཁོ་ན་མི་ཉན་པར། །

སྐབས་སུ་བདེན་པའི་རྒྱུ་མཚན་དཔང་བཅོལ་ནས། །གཟུ་བོའི་དྲང་གཏམ་ཙམ་ཡང་སྨྲ་བར་མཛོད། །

སྐྱེས་པའི་ཕ་ཁྱིམ་གཏན་གྱི་སྡོད་ས་མིན། ། རང་ལམ་བཙལ་བས་རང་མགོ་ཐོན་པ་དཀའ། །

ལུང་སྟོང་ཡུ་མོ་འདྲ་བའི་བུད་མེད་ལ། ། ཚེ་རབས་གཅིག་གི་གྲོགས་ནི་ཁྱོ་བོ་ཡིན། །

ཁྱོ་ཕོའི་ལུས་ཀྱི་ཕྱེད་ནི་ཆུང་མ་སྟེ། ། ཆུང་མའི་ལུས་ཀྱི་ཕྱེད་ནི་ཁྱོ་ཡིན་པས། །

རང་ལུས་ཕྱེད་གཤག་མི་ཡི་རྐང་ལག་ཅན། ། སོང་ན་དུད་འགྲོའི་ཁྱུར་ཡང་ཚུད་པར་དཀའ། །

དེ་ལྟར་བསམ་ནས་རང་གི་བཟའ་ཟླ་ལ། ། མངོན་ལྐོགས་བྲལ་བ་མཛའ་བའི་སེམས་བཞག་ནས། །

ཡུན་ཐུང་ཚེ་འདིའི་མཐའ་ལ་འཁྱོལ་ནུས་ན། ། ཤི་བའི་རུས་གོང་དེ་ཡང་མཆོད་བྱ་ཉིད། །

དེ་བཞིན་ཡུགས་མོ་རྣམས་ནི་མི་གཙང་བས། ། དེ་ཡིས་བཅོས་པའི་ཟས་ཀྱང་མི་ཟ་ཞེས། །

དམ་ཚིག་ལ་ལ་དག་ན་བཤད་པ་ཡང་། ། བྲམ་ཟེ་སྙིང་རྗེ་མེད་པའི་ངག་རྒྱུན་ཡིན། །

ལུས་ཀྱི་ནང་ནི་ཀུན་ཀྱང་བཙོག་པ་ཉིད། ། ཕྱི་རོལ་གཡོགས་པའི་པགས་པ་ཀུན་ལ་ཡོད། །

མི་ལ་གཙང་བཙོག་མང་དུ་ཕྱེ་བ་དེ། ། ཕུགས་སུ་གཏུགས་ན་མུ་སྟེགས་ཆོས་ལུགས་ཡིན། །

ན་ཆུང་བུ་མོས་སྐྱེས་པ་འདོད་པ་ནི། ། སྐོམ་པ་ཆུ་ལ་འཕྲད་པའི་དོ་ཟླ་མིན། །

ཆགས་ལྡན་སྐྱེས་པས་བུད་མེད་དྲན་པ་ནི། ། ལྟོགས་པ་ཟས་ལ་རྔམ་པའི་དོ་ཟླ་མིན། །

ཕ་མ་བཙན་པོས་དེ་ལ་གེགས་བྱས་པ། ། ཁྲི་མུན་དོང་དུ་བཅུག་པས་དོ་ཟླ་མིན། །

ཆོས་སྒོ་བཙན་པོས་དེ་ལ་ཁྲིམས་བྱས་པ། བཙོན་པ་ཚེ་སྒོ་འཁུར་བའི་དོ་ཟླ་མིན། །

ཅི་སྟེ་ངེས་འབྱུང་སེམས་ཀྱི་རྩལ་རྫོགས་ན། ། ཆུ་བོ་རགས་ཀྱིས་བཀག་ཀྱང་འཆོར་བ་ཉིད། །

འོན་ཏེ་མི་འདོད་ཆོས་ཀྱི་ཁྲལ་བཀལ་ན། ། ཕ་བོང་གྱེན་ལ་འདྲེན་པའི་ལས་འཇུག་འདྲ། །

འོན་ཀྱང་གཞན་གྱི་ཆུང་མ་སྤྱོད་པ་འདི། ། མཐུན་པ་ཕྱེ་ཞིང་འཐབ་རྩོད་འབྱུང་བའི་གཞི། །

འདི་ཕྱི་གཉིས་སྡུག་ཁྲེལ་མེད་ལས་ཡིན་པས། ། ཡ་རབ་རྣམས་ཀྱིས་འགོ་བའི་ནད་བཞིན་སྤོངས། །

ལས་ཀྱིས་བསྐོས་པའི་བཟའ་ཟླ་ཕན་ཚུན་ལ། །གཅེས་པའི་སྲོག་བཞིན་བྱམས་པས་འགྲོཊ་བྱེད་ཅིང་། །

གྱ་གྱུའི་ལས་དང་བྱི་བོའི་ལས་སྤངས་པ། ། ཚུལ་ཁྲིམས་ཀུན་གྱི་ནང་ནས་ཡང་རྩེ་ཡིན། །[1]