དབེན་གནས་གངས་རི་ཐོད་དཀར་དང་ཤུག་གསེབ་དགོན།

གཟའ་སྤེན་པའི་དུས་ཚོད་བེད་སྤྱད་དེ་ང་དང་གནས་རོགས་ཁ་ཤས་མཉམ་དུ་ལྷ་ས་གཡུ་ཐོག་ལམ་ནས་ཞོགས་པ་ཆུ་ཚོད་༦དང་ཕྱེད་ཀའི་ཐོག་ཤུག་གསེབ་དགོན་པའི་འགྲུལ་འཁོར་ནང་ཞུགས། ཆུ་ཚོད་༩པ་ཡོལ་ཙམ་ལ་ཤུག་གསེབ་དགོན་འདབས་སུ་འབྱོར། དེ་ནས་རི་ལྡེབས་སུ་རྐང་ཐང་ལ་སོང་སྟེ་ཤུག་གསེབ་དགོན་པའི་ཟ་ཁང་ནས་ཟ་འཐུང་སྟབས་བདེ་ཞིག་བྱས། ཞོགས་པ་གནམ་གཤིས་བསིལ་བའི་གོ་སྐབས་དང་བསྟུན་ནས་ཆུ་ཚོད་ཕྱེད་ལྷག་ཙམ་སོང་རྗེས་གངས་རི་ཐོད་དཀར་དུ་སླེབས་སོང་། གངས་རི་ཐོད་དཀར་དང་ཤུག་གསེབ་དགོན་གཉིས་ནི་ད་ལྟའི་ཆུ་ཤུར་རྫོང་གི་ཁོངས་ཚལ་སྣ་ཤང་སྙི་ཕུའི་རི་ངོགས་སུ་གནས་འདུག

ཤིང་ལྷ་ཤིང་ཤུག་པའི་ཚལ་གསེབ་ན། ། བྱ་གོང་མོས་མགྲིན་པའི་རྫ་རྔ་འཁྲོལ། ། མ་མཁའ་འགྲོའི་དགོངས་ཀློང་གསང་ཆེན་མཆོག ། སྙིང་གེ་སར་འཛུམ་པའི་ཐིག་ལེར་བཞད། ། ལྷ་ཤུག་དང་སྤ་མ། གླང་ཚེར། ཚར་པ། སེ་བའི་ཤིང་གསེབ་ཏུ་བྱ་ཝང་དང་ལྷ་བྱ་གོང་མོ་མི་ལ་མི་འདྲོགས་པར་ཁྱུ་དང་ཆ་བྱེད་ནས་དགོན་པའི་ཉེ་འཁྲིས་སུ་ཅི་དགར་འཚོ་བ་དང་། བྱེའུ་ཆུང་འཇོལ་མོས་གྲེ་འགྱུར་སྙན་དགུ་འཁྲོལ་བ་སོགས་དངོས་འབྲེལ་ཡིད་སེམས་ལྷོད་ལ་ཕབ་ཐུབ་པའི་དབེན་གནས་ཅི་འདྲའི་བྱིན་ཅན་ཉམས་དགའ་བ་ཞིག་རེད་ལགས།

ལྷ་བྱ་གོང་མོ་གང་འདོད་གཟན་ལ་རོལ།

ལྔ་རིག་སྣང་བའི་ཉིན་བྱེད་ས་པཎ་རྗེ། ། མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་པ། ། ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་ཞབས། ། གངས་ཅན་འཇམ་དཔལ་དབྱངས་དངོས་རྣམ་གསུམ་ཡིན། ཞེས་བོད་ཀྱི་འཇམ་མགོན་རྣམ་གསུམ་དུ་གྲགས་པའི་ནང་ཚན་སྔ་འགྱུར་རྙིང་མའི་བསྟན་པའི་གསལ་བྱེད་ཆེན་མོ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་བསམ་ཡས་མཆིམས་ཕུར་བཞུགས་སྐབས། ཤུགས་གསེབ་དགོན་གྱི་གནས་བདག་རྡོ་རྗེ་གཡུ་སྒྲོན་མས་སྤྱན་དྲངས་ནས་གངས་རི་ཐོད་དཀར་དུ་ལོ་གསུམ་སྒྲུབ་པ་མཛད། དེར་མཛོད་ཆེན་བདུན་སོགས་དགོངས་གཏེར་རྣམས་བསྟན་བཅོས་ཀྱི་ཚུལ་དུ་གཏན་ལ་ཕབ་པས། གངས་རི་ཐོད་དཀར་འདི་སྒྲུབ་གནས་ཀུན་གྱི་རྒྱལ་པོར་གྲགས་ཤིང་། རྣམ་ཐར་གསོལ་འདེབས་ལས་ཀྱང་། སྒྲུབ་གནས་རྒྱལ་པོ་གངས་རི་ཐོད་དཀར་དུ། །བྱོན་ཚེ་བསྟན་མ་ལྷ་རབས་མཆེད་དགུ་ཡིས། །བསུ་བ་བསྙེན་བཀུར་སྤྱི་བོས་བཏུད་བཞིན་དུ། ། ལོ་གསུམ་བསྒྲུབ་པ་མཛད་ལ་གསོལ་བ་འདེབས་ཞེས་གསལ།

གངས་རི་ཐོད་དཀར་སྤྲིན་དཀར་ལ་ཐོད་གསོལ།

གངས་རི་ཐོད་དཀར་འདི་རྡོ་རྗེ་ཕག་མོའི་གནས་རི་ཡིན་པས། རིའི་དབྱིབས་རྡོ་རྗེ་ཕག་མོའི་རྣམ་པར་གནས་ཤིང་། ཀློང་ཆེན་རབ་འབྱམས་པའི་སྒྲུབ་ཕུག་དེ་སྙིང་ཁར་གནས་ཡོད་པ་དང་། དེའི་གཡས་གཡོན་ནུ་མ་གཉིས་ཀྱི་ཚོད་དེར་དཔལ་སྒྲོན་དང་འོ་མ་ཆུ་མིག་ཟེར་བའི་ཆུ་མིག་ཁྱད་པར་ཅན་གཉིས་ཡོད། ཤུག་གསེབ་དགོན་པའི་འགྲམ་དེར་ཆུ་མིག་ཅིག་ཡོད་པ་དེ་རྡོ་རྗེ་ཕག་མོའི་གསང་ཆབ་ཡིན་ཟེར་སྲོལ་འདུག ། གནས་གཙོ་བོ་ཀུན་ཏུ་བཟང་པོའི་ཁང་བཟང་ཟླ་བ་ཆུ་ཤེལ་གཟིམ་ཕུག་ཉམས་སྐྱིད་པོ་དེར་ལྷ་ཁང་ཀ་བཞི་མའི་ནང་དུ། རྟེན་གཙོ་ཀུན་མཁྱེན་ང་འདྲ་ཕྱག་ནས་མ་སོགས་བཞུགས་སུ་གསོལ། གངས་རི་ཐོད་དཀར་ཞེས་པ་དེ། སྔོན་རིའི་རྩེ་མོར་དབྱར་དགུན་མི་ཞུ་བའི་ཁ་བས་བརྒྱན་ཡོད་པར་སྣང་ཡང་། དེང་སང་ནི་དགུན་ཡང་ལ་རྩེར་ཁ་བ་ཆེར་མི་སྣང་བ། ད་ལྟ་རྒྱ་གར་བའི་མི་ཡི་རྗེས་ལ་ཚད་པ་བོད་དུ་སླེབས་རབས་ཟེར་བས་ལན་པར་སྣང་ཞེས་ཀ་ཐོག་སི་ཏུས་དབུས་གཙང་གནས་ཡིག་ཏུ་གསུངས་འདུག

ཤུག་གསེབ་ཨོ་རྒྱན་རྫོང་ནི་རྡོ་རྗེ་ཕག་མོའི་གནས་རིའི་རི་སྐེད་མཚམས་སུ་ཆགས་ཤིང་། དགོན་དེ་ཐོག་མར་ཕག་གྲུའི་ཞལ་སློབ་ཆོས་རྗེ་གྱེར་སྒོམ་ཚུལ་ཁྲིམས་སེང་གེས་ཕྱག་བཏབ་པར་གྲགས། ཕྱིས་སུ་སེམས་ཉིད་སྟོབས་ལྡན་ཞུ་བའི་གྲུབ་ཐོབ་ཅིག་གནས་དེར་ཕེབས་ནས་བཞུགས་སྐབས། སྐྱབས་མགོན་དྷརྨ་སེང་གེའི་ཞལ་སློབ་རིག་འཛིན་ཆོས་ཉིད་བཟང་མོས་ཞབས་ལ་གཏུག་སྟེ་སྒྲུབ་བཞུགས་མཛད། ཁོང་མོས་ཀྱང་ཞལ་སློབ་མང་དུ་བསྐྱངས། གཙོ་བོ་ཀློང་ཆེན་སྙིང་ཐིག་ཕྱག་བཞེས་མཛད་ཅིང་གང་ཉིད་མ་གཅིག་ལབ་སྒྲོན་གྱི་སྐུ་སྐྱེར་གྲགས་པས་ཞི་བྱེད་གཅོད་རྒྱུད་ཀྱི་ཆོས་འཁོར་ཡང་བསྐོར་བས་མཚན་སྙན་ཁ་བའི་ལྗོངས་ཡོངས་སུ་ཁྱབ། དགོན་གྱི་རྟེན་གཙོ་གུ་རུ་སྣང་སྲིད་ཟིལ་གནོན་མི་ཚད་ལྷག་ཙམ་དང་། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། ཀུན་མཁྱེན་སྐུ། འཇིགས་མེད་གླིང་པ། རྗེ་བཙུན་ཆོས་ཉིད་བཟང་མོ་སོགས་ཀྱི་སྐུ་བརྙན་བཞུགས། ད་ལྟ་འདུ་ཁང་རྒྱ་བསྐྱེད་བསྐྱར་བཞེངས་མཛད་བཞིན་པའི་སྒང་རེད་འདུག

ཤུག་གསེབ་རྗེ་བཙུན་མ་རིག་འཛིན་ཆོས་ཉིད་བཟང་མོ།

གནས་མཇལ་གྲུབ་མཚམས་ཕྱི་དྲོ་ཆུ་ཚོད་༤པའི་ཐོག་ང་ཚོ་སླར་ཡང་དགོན་པའི་འགྲུལ་འཁོར་དེའི་ནང་ཞུགས་ཏེ་ཚུར་ལྷ་ས་ལ་ཡོང་བ་ཡིན། དགོན་པའི་འགྲུལ་འཁོར་གྱི་གླ་ཆ་མི་གཅིག་ཕར་ཚུར་བསྡོམས་པས་སྒོར་༣༥རེ་རེད་འདུག །

དེ་ཡང་རང་རེ་ཚོས་གླིང་ག་གཏོང་བ་དང་། གནས་མཇལ་འགྲོ་བ་ཡིན་ཟེར་ནས་བཟའ་འཐུང་ཚར་བའི་སྙིགས་རོ་དང་འགྱིག་ཤོག་སོགས་སྣང་མེད་ངང་གང་བྱུང་དུ་གཡུགས་པའི་གོམས་གཤིས་ངན་པ་དེ་མཚམས་འཇོག་བྱེད་རན་འདུག མ་མཐར་ཡང་སོ་སོའི་གད་ཉོབ་རྣམས་སོ་སོས་བསྡུ་ཉར་བྱེད་དེ་ཆེད་མངས་གད་སྙིགས་བླུགས་སར་བླུགས་པ་དང་། དགོན་པས་ཀྱང་གད་ཉོབ་བླུགས་ས་རེ་ཆེད་མངགས་བཟོ་ནས་གནས་མཇལ་མང་ཚོགས་ལ་གད་སྙིགས་གང་བྱུང་དུ་མི་འདོར་བའི་ཐབས་ཚུལ་བསྟེན་རྒྱུ་གལ་ཆེན་པོ་འདུག ང་ཚོས་འུར་ཆོམ་གྱིས་གནས་དབེན་པ་དཀྲོགས་ཏེ་མི་སེམས་ཟང་ཟིང་བཟོ་བ་དང་། གནས་གཙང་མ་དག་བཙོག་སྐྱོན་མི་བཟོ་བར་འབད་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེའོ། །