ལ་གཞས། དུང་ཟླ་དཀར་པོ།

མ་ཁྱོད་ནི་དུང་ཟླ་དཀར་པོ་རེད། །

ཕོ་ང་ནི་སྟེང་གི་རི་མོ་ཡིན། །

དུང་ཟླ་བའི་ཁ་དོག་མ་ནོག་ན། །

སྟེང་རི་མོ་ནོག་པའི་དཔེ་མི་སྲིད། །

མ་ཁྱོད་ནི་ཙན་དན་སྡོང་པོ་རེད། །

ཕོ་ང་ནི་སྟེང་གི་ལོ་མ་ཡིན། །

ནགས་ཙན་དན་མ་ཡོ་མ་ལྡེམ་ན། །

མགོའི་ལོ་མ་ལྷུང་བའི་དཔེ་ཞིག་མེད། །

མ་ཁྱོད་ནི་ཞང་བཟང་ཚ་མོ་རེད། །

ཕོ་ང་ནི་ཕ་བཟང་ཞི་ལུ་ཡིན། །

ཁྱོད་ཞང་བཟང་ཚ་མོ་མ་འགྱུར་ན། །

ང་ཞི་ལུ་འགྱུར་བའི་དཔེ་མི་སྲིད། །

ལ་གཞས་ནི་ཨ་མདོའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཞོན་ནུ་ཕོ་མོ་འདོད་པའི་བརྩེ་དུང་སྟོན་པའི་གླུ་གཞས་ཤིག་སྟེ། མིང་གཞན་ལ་ལ་གླུའང་ཟེར། དེ་ལ་དོན་གྱི་ཆ་ནས་ཕྱེ་ན། རྩེ་མགོ་རྩོམ་པ་དང་། རོགས་འགྲོགས་པ། མཐུན་པ། དྲན་པ། འབྲལ་བ། འགལ་བ། བདེ་མོ། ལ་ཤགས་སོགས་རྣམ་གྲངས་དུ་མ་ཡོད་ལ། ལ་གཞས་རེ་རེར་ཚན་པ་གསུམ་དང་གཉིས་ཅན་རིགས་གཉིས་ཡོད་པའི་སྔ་མ་སྔ་མ་དཔེ་དང་། ཕྱི་མ་ཕྱི་མ་དོན་་ཏེ་དཔེ་དོན་སྦྱར་ནས་བརྩེ་དུང་མཚོན་པར་བྱེད་དོ། ལ་གཞས་ལ་ཚིགས་རྐང་མཉམ་མི་མཉམ་ཅི་རིགས་ཡོད་ཀྱང་། ཚན་པ་སྔ་ཕྱིའི་སྦྱོར་ལུགས་ངེས་པར་དུ་གཅིག་འདྲ་ཡིན་དགོས། །