ཕ་ཡུལ་ལགས།གཡང་ཁྱིམ།

ཚིག རྫས་ལུང་ཚེ་དར།



འཛམ་གླིང་གཙུག་གི་རྒྱན་དུ་ཕ་གཞིས་བཙུག། །སུམ་ཉིས་ས་ཡི་ཁྱོན་ལ་མངའ་དབང་བསྒྱུར། །མཁས་དབང་གསེར་རིའི་ཕྲེང་བས་ས་ཆེན་ཁེབས། །སྙན་གྲགས་བ་དན་དཀར་པོ་ཕྱོགས་སུ་བསྒྲེངས༌། །གངས་ལྗོངས་ལགས། མ་ཡུམ། སུ་ཡི་དུག་མདས་མེས་པོའི་བླ་མཁར་བཅོམ། །སུ་ཡིས་ཉི་ཟླའི་རྣ་ལུང་ཐང་ལ་འཕངས། །

གངས་དཀར་ལྷུན་པོའི་ར་བ་ཚར་དུ་དངར། །སྔོ་ལྗང་གཡུ་ཡི་མཚོ་མོའི་མེ་ལོང་བཀྲམ། །རྟ་ནོར་ལུག་གསུམ་མུ་ཏིག་ཐང་ལ་བརྡལ། །འབྲུ་དྲུག་ཞིང་ན་གསེར་གྱི་རྦ་རླབས་འཕྱུར། །ཕ་ཡུལ་ལགས། གཡང་ཁྱིམ། སུ་ཡི་མདུང་མོས་ལྷུན་པོའི་སྙིང་ཁོག་ཕུག །སུ་ཡིས་སྦྲ་ནག་གྲུ་བཞིའི་ཆོན་ཐག་བཅད། །

ཕུ་ནུ་སྟག་གི་རྡང་ན་འཛུམ་དྲུག་བཀྲ། །མ་སྲུ་འོ་མའི་མཚོ་ལ་མངར་ཞིམ་འཁྱིལ། །བྱམས་དང་སྙིང་རྗེའི་ནོར་བུར་གཟི་མདངས་འཕྲོ། །ཡ་རབས་ལུགས་བཟང་གསེར་གྱི་མེ་ཏོག་བཞད། །ཕུ་ནུ་ལགས། སྤུན་ཟླ། སུ་ཡི་ཧམ་པས་རང་ནོར་གཞན་ལ་བཙོང༌། །སུ་ཡིས་བཻཊཱུར་བུམ་པ་ཐང་ལ་བརྡབས། །