བདག་གི་རྨི་ལམ།



ཆོས་ཤུལ་གསང་བདག









སེམས་པ་ཐོགས་པའི་གད་པ་འདི། །

ཡུན་རིང་བསྲུངས་པའི་སྡུག་ལ་ཐུག །

ཨ་ཐང་ཆད་པའི་ཨག་སྐད་ཅིག །

ཐང་སྟོང་ལུང་བའི་ཕུགས་སུ་ཤོར། །



ལག་པ་འཇུས་པའི་སྙིང་གི་གྲོགས། །

གློ་བུར་ཕྱི་མར་ཆས་པ་དེས། །

ཚེ་སྲོག་བརྒྱུས་པའི་སྐུད་པ་དེ། །

ཆད་པར་དོགས་པས་འཇིགས་སྣང་བྱུང༌། །



གོམ་ཁ་འཇོག་སའི་གར་སྟེགས་ཤིག །

ཀུ་རེ་རྩེད་པའི་གྲོགས་ཀྱིས་འཕྲོག །

འདི་སྣང་སྒྱུ་མའི་རྨི་ལམ་ངོགས། །

ཁྱེད་ལ་ད་དུང་དུང་དུང་འདྲ། །



ལ་གཞས་ལེན་པའི་བྱམས་པ་དེ། །

ཞག་གསུམ་མ་འགོར་རི་ལ་ཤོར། །

བརྩེ་བ་ཟབ་པའི་སྣང་བ་དེ། །

བདག་ལ་འཁྲབ་པའི་གར་ཆུང་ཉིད། །



མཛེས་པར་མཐོང་བའི་དོག་མོ་ས། །

མཛངས་མ་སྟོང་གི་ཕོ་བྲང་ཡིན། །

ཆང་དང་དུ་བའི་མཁར་གྲོང་ཡིན། །

འཆི་ཁའི་ཁ་ཆེམས་འཇོག་ས་ཡིན། །



མཚན་མོར་བཀྲ་བའི་སྐར་ཚོགས་དག །

ཚེ་སྲོག་བགྲང་བའི་གཤེད་མ་དེ། །

རྨི་ལམ་ངོགས་གི་ཟླ་བའི་གཤིས། །

ཕྱི་མར་འགྲོ་བའི་ལམ་གྱི་གྲོགས། །



༢༠༠༩ལོའི་ཟླ་༡པོའི་ཚེས༢༤ཉིན་སྦྱར།