བརྩེ་གླུ་མཁའ་སྤྱོད་རྗེས་དྲན།













ཟུར་མིག་སྐུད་པ་ཕྲ་མོ་ཐད་ཀར་བརྐྱངས་པས། །འཛུམ་དཀར་གསེར་གྱི་ཉ་མོ་རྙི་ལ་འཁོན་བྱུང་། །རེ་སྨོན་རྒྱ་སེའི་མེ་ཏོག་བརྩེ་བས་ཕུལ་བ། །འཇམ་པོའི་ཕྱག་གིས་བླངས་ནས་དབུ་ལ་བསྒྲོན་སོང་། །སྙིང་གི་ནོར་བུའི་ཐུགས་ལ་ཁོ་མོ་ཡོད་ན། །ཁོ་མོའི་སེམས་ཀྱི་ཁ་བཏགས་ཁྱེད་ལ་འབུལ་ཟེར། །ཤེས་རབ་རྒྱ་མཚོ་དགུང་ལ་འཕྱུར་བའི་སྐྱེས་མཆོག།ཁྱེད་དང་འཕྲད་པ་ཁོ་མོའི་བསོད་ནམས་ཡིན་གསུངས། །

དྲིན་ཅན་མ་ལོའི་ཐུགས་ལ་དྲོད་ཅིག་སླེབས་འདུག།བརྩེ་ལྡན་གཅེན་མོའི་ཞལ་ལ་འཛུམ་ཞིག་ཤར་འདུག།སྙིང་གི་བདག་མོ་ཁྱེད་དང་མཉམ་དུ་ཡོད་དུས། །གཡས་གཡོན་གང་དུ་བལྟས་ཀྱང་འཛུམ་དཀར་ཁོ་ན། །

ངོ་མེད་གཉེན་གྱི་ལྐོག་ཤུབས་དེ་ན་མི་འདུག།ཁྲེལ་མེད་གྲོགས་ཀྱིས་བརླ་བཙག་དེ་རུ་མི་སྣང་། །

དག་པ་མཁའ་སྤྱོད་ཟེར་ཡང་འདི་ལས་གཞན་ཞིག།ཡོད་དོ་སྙམ་པ་སེམས་ཀྱི་ཟུར་ན་མེད་ལགས། །

དྲན་བྱུང་ཟླ་བ་འདྲ་བའི་ཞལ་རས་དྲན་བྱུང་། །དྲན་བྱུང་འོ་མ་འདྲ་བའི་སྐུ་ལུས་དྲན་བྱུང་། །དྲན་བྱུང་དར་དཀར་འདྲ་བའི་ཐུགས་གཤིས་དྲན་བྱུང་། །དྲན་བྱུང་ཁུ་བྱུག་འདྲ་བའི་གསུང་སྙན་དྲན་བྱུང་། །



སྐྱེ་བ་དག་པའི་བུ་ལ་འགོ་བའི་ལྷ་ཚོགས། །ཕ་མྱེས་རྒྱུད་ཀྱི་སྲུང་མ་ཐུགས་དམ་ཅན་གྱིས། །ཁོ་བོའི་སྙིང་གི་ནོར་བུ་གང་དུ་བཞུགས་ཀྱང་། །མ་ཡིས་བུ་བཞིན་རྟག་ཏུ་ཁ་འཛིན་མཛོད་ཅིག།