བོད་པའི་ཆོས་སྲིད་ཀྱི་ལོག་རྟོག་བསལ་བའི་གསེར་གྱི་ཐུར་མ།



《བོད》









ཕུལ་བྱུང་སྣོད་བཅུད་དཀར་པོའི་ལྷག་བསམ་ཆབ། །

བཅུ་ཕྲག་རིག་པའི་རྒྱ་མཚོ་ཆེན་པོས་གཏམས། །

ཆོལ་གསུམ་སྡེ་བཞིའི་ཕུན་ཚོགས་ལྔ་ལྡན་ཆོས། །

འཛམ་གླིང་མཛེས་པའི་རྒྱན་ཏུ་ལྷམ་མེར་གསལ། །

《ཆོས》



འཚེ་མེད་དམ་ཆོས་ཁམས་དབང་མོས་པ་བཞིན། །

བསམ་ཡས་ཐེག་པའི་གྲངས་དང་གོ་རིམ་བཞིན། །

ཐར་པའི་ལམ་བཟང་བགྲོད་པའི་སྐལ་བཟང་ལ། །

མཁས་གྲུབ་རིག་འཛིན་རྒྱ་མཚོའི་གཤེགས་ཤུལ་མཆིས། །

《སྲིད》



དགྲ་འདུལ་གཉེན་སྐྱོང་ཆོས་བརྒྱད་གྲགས་པའི་རྗེས། །

ཆོག་ཤེས་མེད་པར་ཉིན་མཚན་མགོ་འཁོར་བས། །

ཆགས་སྡང་རྨོངས་པའི་མི་གཙང་ལས་ཁང་དུ། །

རང་དོན་དགའ་བདེར་འདོད་པ་འཇིག་རྟེན་ལུགས། །

《འབྲེལ》



མཐའ་གཉིས་མ་ལྷུང་ལྷག་བསམ་རྣམ་དག་ཅིག །

རང་དོན་མ་ཞེན་གཞན་དོན་སྤྱི་ཕན་གཉིས། །

རིགས་རུས་ལྟ་གྲུབ་འགལ་མེད་མཐུན་སྒྲིལ་གསུམ། །

ཐབས་ཤེས་བློ་ལྡན་ཆོས་སྲིད་ཟུང་འབྲེལ་ལེགས། །

《བརྡ》



དམ་ཆོས་མ་ཤེས་ཅོལ་ཆུང་ཆོས་ལ་སྡང་། །

ཆབ་སྲིད་མ་ཤེས་དྲོད་ཆུང་སྲིད་ལ་ཆགས། །

ཆོས་སྲིད་མ་ཤེས་དོན་ཆེན་རྨོངས་པ་ཅན། །

མི་རུ་སྐྱེས་ཀྱང་ཕྱུགས་དང་གཉིས་སུ་མེད། །

《ལས》



རིག་གཞུང་སྙིང་ལས་གཅེས་པའི་བསྟན་སྐྱོང་གིས། །

དྲང་བདེན་བཤད་སྒྲུབ་ཕྲིན་ལས་རྨད་བྱུང་བས། །

གཟུར་གནས་བློ་ལྡན་དོན་གཉེར་མཛད་པ་ཚོས། །

རང་ཆོས་བསྟན་སྲིད་འཛིན་སྐྱོང་སྤེལ་བར་འགྱུར། །

《སྨོན》



བསམ་པ་བཟང་པོས་མི་གཞིའི་སྲོག་རྩ་བརྟན། །

རང་སེམས་དགེ་བས་དམ་ཆོས་འདུལ་བ་འཛིན། །

ཐབས་ཤེས་མཁྱེན་བརྩེས་བྱང་སེམས་བསྟན་པ་སྐྱོང་། །

སྣང་སྲིད་རིག་པས་གསང་ཆེན་སྤེལ་གྱུར་ཅིག །

ཅེས་པ་འདི་ནི་ཆོས་སྲིད་ལུགས་ཟུང་མི་ཤེས་པའི་འཆལ་རྩོམ་འགའ་ཞིག་མཐོང་བའི་རྐྱེན་ལས་ཝ་ཡེལ་རི་ཁྲོད་ནས་མྱུར་ཤྲྰིས་བྲིས་བགྱིས་པ་དགེའོ། །