བོད་ཡུལ་ཆོལ་ཁ་གསུམ་ལས། དབུས་གཙང་ཆོས་ཀྱི་ཆོལ་ཁའི་སྐོར།༢



ཚ་བ་མདའ་སྨྱུག (ཚ་སྒང་བློ་གྲོས་དཔལ་ལྡན།)



དེ་དག་ནི་ཁ་སང་གི་ལོ་རྒྱུས་ལ་ཕྱི་མིག་ཙམ་བལྟས་པ་ཡིན་ལ། འདིར་བརྗོད་འདོད་པའི་སྐད་ཆ་དངོས་ནི་དེ་རིང་གི་གནད་དོན་ཞིག་སྟེ། བོད་ས་དུམ་བུ་གསུམ་པོར་དམ་པ་ཆོས་ཀྱི་ཆོལ་ཁ་ཞེས་སོགས་སྔོན་ཆད་ཀྱི་འབོད་སྲོལ་རྙིང་པ་དེ་ཚོ་རང་འཇགས་སུ་བཞག་ན་འོས་ཤིང་འཚམ་པ་ཞིག་ཡོང་མིན་གྱི་ཐད་ནས་བསམ་འཆར་འགའ་ཞིག་འདོན་རྒྱུ་དེ་ཡིན། དེ་ཡང༌། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་དབུས་གཙང་ཆོས་ཀྱི་ཞིང་ཁམས་དང༌། ལྷ་ལྡན་དག་པའི་གནས་མཆོག མི་ཡུལ་དུ་བབས་པའི་ཡིད་དགའ་ཆོས་འཛིན་སོགས་བསྟོད་བཀུར་བསྔགས་གསུམ་གྱི་ཡུལ་དུ་གྱུར་པའི་གནས་མཆོག་དེ་རུ། ད་ལྟ་ཁྱེད་རང་དངོས་སུ་ཕྱིན་པ་ཡིན་ཚེ། ཁྱེད་ཀྱི་མིག་ལམ་ན་མྱ་ངན་མེད་པའི་དགའ་ཚལ་དང༌། མེ་ཏོག་རྐྱང་རྐྱང་ལས་གྲུབ་པའི་འཇིག་རྟེན་སོགས་ངོ་མཚར་ཅན་དེ་འདྲ་གང་ཡང་མཐོང་རྒྱུ་མེད། དེ་ལས་ལྡོག་སྟེ། གནའ་་བོར་ལྷ་དང་སྙན་ངག་གིས་གྲུབ་པའི་ཞིང་ཁམས་ལྷ་ས་རུ་ད་ལྟ་ཤུལ་དུ་ལུས་པ་ནི། བདག་པོ་བོར་བའི་ཁང་སྟོང་གོག་པོ་ཞིག་དང༌། གཟུངས་འཇུག་བྲུས་ཟིན་པའི་འབག་སྐུ་བརྫུས་མ་ཁ་ཤས། ཁང་སྟོང་དེ་དང་འབག་སྐུ་དེ་ཚོར་བརྟེན་ནས་ལྟོགས་གླ་ལེན་མཁན་གྱི་སེར་གཟུགས་བཤད་ཁ་འགའ་ཞིག་ཡོད་པ་ཙམ་དུ་ཟད། སྔོན་ཆད་དགའ་ལྡན་གསེར་ཁྲིའི་འོས་མི་གངས་སེང་དཀར་མོ་སྲབ་མེད་དུ་འཕྱོ་བའི་གནས་མཆོག་གསང་ཆེན་རྒྱུད་གྲྭ་སྟོད་སྨད་གཉིས་སུ། ད་ལྟ་ཁ་དོག་ཡིན་ན་ནག་པོ་ཡིན་པས་ཁྱབ་པའི་གྲོང་ཆོག་བླ་མ་ཁྱུ་ཞིག་གིས་ཕ་ཤུལ་བུས་འཛིན་གནང༌། དེ་མིན་རི་བོ་ལྟར་བརྗིད་ཅིང་རྒྱ་མཚོ་བཞིན་འཁྱིལ་བའི་ཆོས་ཀྱི་གྲྭ་ཕལ་མོ་ཆེ་ནི་ཤུལ་ཙམ་ཡང་ངོས་ཟིན་དཀའ་ལ། འགའ་ཞིག་ཡོད་པ་རྣམས་ཀྱང་མེ་ཤི་ཟིན་པའི་དུ་བའི་ལྷག་རོ་འདྲ་བ་རེ་མལ་ན་ལུས་འདུག ཀུན་གཟིགས་བླ་མའི་ཐུགས་བསྐྱེད་ལས་གཙང༌སྟོད་བཀྲ་ཤིས་ལྷུན་པོ་ཁོ་ནར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་གྲལ་མ་ཙམ་ཞིག་མཆིས་མོད། ད་སྐབས་གནས་དེ་ནའང་ཉིང་ཤ་ཉིང་གིས་ཟ་མཁན་མང་སྐད། གཞན་མཁར་གྲོང་ངམ་རྫོང་སྡེ་དག་ཏུ་ཡོད་དགོས་པའི་དེང་རབས་ཀྱི་ཡར་རྒྱས་མིག་ལ་འགྲོ་བ་ཅི་ཡང་མེད་པའི་ཐོག་ཏུ་མི་དགོས་པའི་ཆལ་ཆོལ་མང་པོ་ནང་འདྲེན་ནམ་གསར་གཏོད་བྱེད་རྒྱུ་རྙེད་འདུག་པ་དཔེར་ན། ཟ་ཁང་ལས་མང་་བའི་ཆང་ཁང༌། ཚོང་ཁང་ལས་མང་བའི་བྲོ་ཁང༌། ཅ་ལག་ཚོང་ཁང་ལས་མང་བའི་གཟུགས་པོ་འཚོང་མཁན། ལས་ཀ་བྱེད་མཁན་ལས་མང་བའི་འཁྱམས་ཉུལ་བྱེད་མཁན་སོགས་ཡིན། མང་མང་གི་བསམ་བློ་དང་བྱ་སྤྱོད་ཡོད་ཚད་རླུང་ཡན་གྱིས་དེད་པའི་སྡོང་ལོ་་སྐམ་པོ་བཞིན་དམིགས་ཡུལ་དང་ཁ་གཏད་མེད་པར་སྤུར་བཞིན་པ་དང༌། རང་ཁ་འབུ་ཁུང་དང་འདྲ་བོ་གསོ་བའི་ཐབས་ལ་ཡུལ་དེ་གའི་མི་རྣམས་བློ་རིག་བཀྲ་ཞིང་ཧུར་བརྩོན་ཆེ་བ་ལྟ་བུར་སྣང་མོད། དོན་དུ་བློ་རྒྱ་ལག་མཐིལ་ལས་ཆུང་ཞིང་བློ་ཕུག་མཆན་ཁུང་ལས་ཐུང་བས་གཟི་བརྗིད་དུ་བརྩི་ཆོག་པའི་གྲུབ་འབྲས་ནི་ནམ་ཡང་སྟོན་རྒྱུ་མེད། མི་ཆེ་ཆུང་ཐམས་ཅད་ལ་གདོང་ཐུག་ཚེ་གུས་གུས་ཞུམ་ཞུམ་དང་ཁ་ཡག་ངོ་བསྟོད་འདོམ་གང་བ་རེ་འཆད་ངེས་ཀྱང༌། ཁ་ཕར་འཁོར་གྱི་རྗེས་སུ་མཆན་དྲི་བྲོ་བའི་གཏམ་ཡན་ལ་རྫོགས་མཐའ་བྲལ། དུས་རྟག་པར་བརྫ་བརྫུ་དང་འཕྲ་འཕྲུལ་ཁོ་ན་འཁྲབ་པ་ལས། སྙིང་དམར་བསྟན་པས་ནང་མི་དང་ཁུ་ཚུར་བསྟན་པས་ཕྱི་མིར་འགྲོ་བ་ཞིག་རང་བཞིན་གཤིས་ལ་མ་གྲུབ། སྟབས་ལེགས་ནས་ཐོག་ཏུ་སླེབས་ན་རང་འགུལ་གྱིས་འབབ་མི་ཤེས་ལ་ལམ་འཆུགས་ནས་འོག་ཏུ་ཚུད་ཚེ་ཇི་ལྟར་ཡང་འགུལ་མི་ནུས། མཆོག་དམན་ཀུན་ལ་མ་གྲོས་གཅིག་མཐུན་དུ་ཡོད་པའི་སེམས་ཁྲལ་ཞིག་ནི། གདུག་རྩུབ་དང་རྩིང་སྤྱོད་ཆེ་བའི་ཁམས་པ་རོ་ཅོག་དང་ཨ་མདོ་སྤྲང་གོག་གཉིས་པོའི་འདྲེ་ལག་ལྷ་ལུང་དཀར་མོ་འདིར་བརྐྱངས་ནས། ང་ཚོའི་ཟ་སྐལ་འཐུང་སྐལ་འཕྲོག་མི་ཡོང་ངམ་སྙམ་པའི་སེམས་་ངལ་དང་ཕྲག་དོག་རི་ལས་ལྕི་བ་འདི་སྟེ། དོན་འདི་ལ་དམིགས་པའི་གཏོར་བཅོམ་གྱི་ལས་འགུལ་སྤེལ་བ་ལ་ནི་ཕོ་མོ་རྒན་གཞོན་གྱི་དབྱེ་བ་མེད་པར་ཕྱར་བ་གྲུ་འདེགས་གནང་རྒྱུའི་ཆོད་སེམས་ཅི་བས་བརྟན། ཁ་ནས་འོ་མ་ལས་དཀར་ཞིང་བུ་རམ་ལས་མངར་བའི་སྐད་ཆ་སྙན་ལ་འབྲེལ་ཆགས་པ་རེ་བཤད་ཤེས་པའི་སྒྱུ་རྩལ་རང་ཆས་ཀྱི་ཚུལ་དུ་ཡོད་པ་ཙམ་ལས། དེ་མིན་ཕྱི་ནང་གསང་བ་གང་ལ་ཡང་་དམ་པའི་ལྷ་ཆོས་ལྟ་ཅི་འཇིག་རྟེན་མི་ཆོས་ཀྱི་དྲི་མས་ཀྱང་ཆེར་མ་གོས་པར། ཕྱི་ལོགས་ནས་དར་བའི་ངན་སྤྱོད་སྣ་དགུའི་ཁྲོད་དུ་རང་ཚུགས་ཤོར་ནས་སྨྱོ་འཁྲབ་བྱེད་བཞིན་པ་འདི། གངས་ཅན་བོད་མིའི་སེམས་ཁོང་གི་ཤམ་བྷ་ལ་དབུས་དང་གཙང་གི་ད་ལྟའི་ངང་ཚུལ་མ་བཅོས་པ་ལགས་པས། དེང་ཕྱིན་ཆད་ཡུལ་འདི་ལ་དམ་པ་ཆོས་ཀྱི་ཞིང་ཁམས་ཞེས་གཞི་མེད་ལ་སྒྲོ་འདོགས་བྱེད་པའི་མཚམས་བཞག་སྟེ། ཁོང་རྣམ་ཚོ་མཆོད་ཆང་མཆོད་རྒྱུར་མཉེས་པོ་ཞེ་དྲག་ཡོད་པས། མྱོས་བྱེད་ཆང་གི་ཕ་ས་ཞེས་བརྗོད་ན་འོས་ཤིང་འཚམ་ལ་རང་བཞིན་བརྗོད་པའི་རྒྱན་དུའང་འགྱུར་བར་སྣང་ངོ༌། ། འཕྲོ་མུ་མཐུད་འགོད་རྒྱུ།