བོད་ལ་དྲ་ཚིགས་ཉུང་སྐྱོན་ལས་མང་སྐྱོན་མེད།







དེང་རིག་བོད་ཀྱི་དྲ་ཚིགས་བཟོ་འགོད་པ་བསོད་ནམས་འོད་ཟེར།

ཐོག་མར་འདིར་དེང་རིག་སྒྱུ་རྩལ་རིག་པ་ལ་བྱང་ཆུབ་པའི་དྲ་བཟོ་བ་བསོད་ནམས་འོད་ཟེར་ལ་ཡི་རང་དང་བསྔགས་བརྗོད་ཡོད། གང་ཡིན་ཟེར་ན་ད་སྔོན་ཡན་ཆད་དུ་སྒེར་མིའི་ཤེས་ཡོན་ཅན་ཚོའི་གཉའ་བ་ནས་ཐོབ་དང་གོ་སའི་དཔུང་ཤུགས་ངན་པའི་གཞུང་དང་ཆོས་ལུགས་ཆོལ་ཁ་ཕྱོགས་ཞེན་ངན་པས་མངོན་གསལ་མེད་པར་བྱས་ཡོད།



སྒེར་གྱི་དྲ་ཚིགས། དཔེར་ན་བོད་ནང་འཁོར་ལ་མཚོན་ན་དམ་པའི་ཆོས་ཕྱོགས་ནས་(གླུ་དབྱངས་)ཚངས་དབྱངས་དྲ་བ་དང་འཇིག་རྟེན་ཕྱོགས་ནས་སེང་རྡོར་དྲ་ཚིགས་ལྟ་བུ་དམངས་གཙོ་ཡང་དག་གི་དྲ་ཚིགས་སུ་མཐོང་།



རྣམ་དཔྱོད་ཅན་གྱི་བསོད་ནམས་འོད་ཟེར་ནི་ཆོས་ལུགས་དང་ཆོལ་ཁ་ལ་ཕྱོགས་ཞེན་མེད་པར་༧གོང་སའི་བཀའ་གསུང་ནང་བཞིན་ཆིག་སྒྲིལ་བོད་མིའི་ཆོས་དཔལ་རིག་གསུམ་འཛིན་སྐྱོང་སྤེལ་བའི་གང་ཟག་ཁྱད་འཕགས་ཅན་ཞིག་རེད། ཉི་མ་འཚོ་ཡང་བོད་ཕྱི་ནང་གཉིས་ན་ཤེས་རིག་གསལ་བའི་སྣང་བྱེད་ཀྱི་ཉི་མ་ལྟ་བུ་བོད་རིགས་བུད་མེད་ཡོངས་ཀྱི་གསལ་བྱེད་ཀྱི་རྒྱན་ཆ་ཡར་དཔེ་ལྟ་ཆོག་སའི་ཕུལ་བྱུང་གི་སྙན་ངག་མཁན་ཞིག་རེད། ང་རང་གི་ངོས་ལ་མཚོན་ན་ང་ཚོ་གངས་ཅན་པའི་བསོད་ནམས་ཀྱི་འོད་ཟེར་དང་ཞི་བདེའི་ཉི་མ་འཚོ་བའི་རྟེན་འབྲེལ་ཞིག་ཏུ་ངོས་འཛིན་བྱས་ཡོད། །



གལ་ཏེ་བོད་ཀྱི་དྲ་བ་མ་བཟོ་ཞེས་འབོད་སྐུལ་བྱེད་འདོད་པ་ཡིན་ན། བོན་པོ་དང་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་ཕྱོགས་རེ་བའི་ཨུ་ཚུགས་རྐྱང་པའི་ཕྱོགས་ཞེན་གྱི་དྲ་ནག་དེའི་གྲས་མང་པོ་མ་བཟོས་ན་ལེགས། གལ་ཏེ་བཟོ་ན་རིས་མེད་གྲུབ་མཐའི་དྲ་བ། གཞིས་བྱེས་འཛོམས་པའི་འདུ་ར། །ཕུ་ནུའི་འདུ་ར་སྟག་ཐང་ཁྲ་མོ་ཞེས་བོད་གངས་ཅན་གྱི་ཆོས་རིག་སྤྱིའི་སྲི་ཞུ་ལ་དམིགས་པའི་མང་མོས་མཉམ་འདུས་ཀྱི་དྲ་ཚིགས་དེ་འདྲ་གང་མང་བྱུང་ན་དགེ་མཚན་ཆེ། ཚོགས་མི་ཡང་། མིང་དང་ས་གནས། ཆོས་དང་ཆོལ་ཁ་ཕྱོགས་འཐེན་མེད་པར་མངོན་གསལ་ཐོག་ནས་གཟུར་གནས་བློ་གྲོས་ལྡན་པས་བགྲོ་གླེང་རེ་གནང་ས་ཡོད་ན་གངས་ལྗོངས་བསྟན་སྲིད་སྤྱི་ལ་ཕན་པར་ངེས་སོ། །



སྙིང་ནས་འབོད་སྐུལ་ཞུ་རྒྱུ་ཞིག་ལ་སྒྱུ་རྩལ་དྲ་བཟོ་བ་དག་གིས་རྒྱུ་ནོར་དཔུང་གི་ངོ་སོ་ལ་མི་ལྟ་བར་ཉམ་ཆུང་ཤེས་ཡོན་ཅན་ཚོ་ལ་རང་དབང་དག་གཙང་གི་དབང་ཆ་རེ་འཛམ་གླིང་སྤྱི་རྒྱའི་དྲ་སྟེང་ན་གནང་བར་མཁྱེན་ནོ། །



ཁྱད་པར་དྲ་བཟོ་བ་བསོད་ནམས་འོད་ཟེར་གྱིས་གཙོས་དེང་རིག་སྒྱུ་རྩལ་འདྲེན་པའི་ཤིང་རྟ་ཆེན་པོ་ཚོས་གངས་རིའི་ལྗོངས་ཀྱི་ཆོས་རིག་བསྟན་སྲིད་སྤྱི་ལ་ཕན་བདེའི་འོད་སྟོང་འབྱིན་པའི་རོགས་དན་གང་མང་རེ་གནང་རྒྱུར་སྙིང་ནས་སྨོན་འདུན་བཅས་ཤྲྰི་སྨྱོན་པས་གུས་ཕུལ། །