མ་སྐྱེས་ཨ་མ།

ཚིག ཨ་སྙན་ཟླ་བ།

ཤར་ཕྱོགས་རི་བོའི་རྩེ་ནས། དཀར་གསལ་ཟླ་བ་ཤར་བྱུང༌།

མ་སྐྱེས་ཨ་མའི་ཞལ་རས། ཡིད་ལ་འཁོར་འཁོར་བྱས་བྱུང༌།

པོ་ཏཱ་ལའི་རི་གཤམ་གྱི་རྡོ་གཅལ་ཁྲ་མོ།

ཁ་བ་སྲབ་མོས་མཛེས་པར་གཡོག

ཁུ་སིམ་གྱི་སྲང་ལམ་སྐྱ་མོ་རྡོག་སྒྲ་ཡང་མོས་བསྐང༌།

དྭངས་གསལ་གྱི་མར་མེས་མགྲོན་པོས་སྒོ་གླེགས་བརྡུང་བར་སྒུག་ཡོད།

ཕོ་བྲང་ནང་གི་གཞོན་ནུ།

སྒེའུ་ཁུང་འགྲམ་གྱི་ན་ཆུང༌།

རབ་རིབ་ཀྱི་མཚན་མོ་དེར།

སུ་ཡིས་ཉི་ཟླ་གཉིས་པོ་འཕྲུལ་གྱི་ཞགས་པས་བཟུང་སོང༌།

སུ་ཡིས་ཞབས་སེན་འོད་ཆགས་ཟླ་འོད་གསེང་ལ་བཀོད་སོང༌།

འཆར་ཡན་གྱི་མཚན་མོ་དེར།

ཟླ་བ་གཅིག་པུས་མི་ཡུལ་གྱི་བྱང་ཆུབ་སེམས་དཔའ་མཇལ།

སྐར་ཚོགས་ཁོ་ནས་ཞིང་ཁམས་ཀྱི་མཛའ་གཞས་སྙན་དུ་གསན།

ཨ་་་ གངས་ལྗོངས་ཀྱི་འོད་སྣང༌། ཚངས་དབྱངས་རྒྱ་མཚོ།

ཨ་་་ མཛེས་ལྡན་གྱི་བུ་མོ། མ་སྐྱེས་ཨ་མ།