མཐུན་པ་སྤུན་བཞི་ལས་འཕྲོས་པའི་སྙིང་གཏམ།

སྒ་བུ།

མཐུན་པ་སྤུན་བཞི་ནི། བོད་ཀྱི་རི་མོ་ལ་ཅུང་འདྲིས་ཆ་ཡོད་པ་ཞིག་ཡིན་ཚེ། མི་ཤེས་མཁན་ཞིག་ཕལ་ཆེར་ཡོད་ཚོད་མ་རེད། དེ་ནི་སྲེག་པ་དང༌། རི་བོང༌། སྤྲེའུ། གླང་ཆེན་བཅས་སྲོག་ཆགས་བཞིས་གྲུབ་པའི་རི་མོ་ཞིག་རེད། རི་མོ་དེའི་རྒྱབ་ལྗོངས་ན་གཏམ་རྒྱུད་ཡིད་དུ་འོང་བ་ཞིག་ཡོད་པ་ནི། ཁོ་ཚོ་འདུག་སའི་གནས་དེར་ཐོག་མར་སླེབས་མཁན་སུ་ཡིན་གྱི་གོ་རིམ་ཕན་ཚུན་ལ་དྲང་བོར་བཤད་དེ། སྔ་གཞུག་གི་གོ་རིམ་ཕྱེ་བ་མ་ཟད། གོརིམ་དེར་ཁོ་ཚོས་བརྩི་འཇོག་དང༌། གོང་བཀུརབྱེད་པའི་སྲོལ་བཟང་བོ་ཆགས། ལྟོས་དང་ཕྱི་མ་ཕྱི་མས་སྔ་མ་སྔ་མར་གུས་བཀུར་ཟོལ་མེད་བྱས་ཏེ་གཉའ་རུ་འཁུར་འདུག གླང་ཆེན་གྱིས་རང་གི་ཤེད་ཤུགས་དང་ནུས་སྟོབས་ལ་མ་ལྟོས་པར་ཁོ་ལས་ཉམ་ཆུང་བའི་སྤྲེའུ་ཁུར་འདུག དེ་བཞིན་སྤྲེའུས་རི་བོང་དང༌། རི་བོང་གིས་སྲེག་པ་ཁུར་ནས་ཡང་དག་པའི་གནས་ལུགས་བསྲུངས་འདུག ཡང་དག་པའི་གནས་ལུགས་ཀྱི་དགེ་མཚན་ལ་བརྟེན་ནས་ཡུལ་ཕྱོགས་དེར་ཆར་ཆུ་དུས་སུ་བབས་ཤིང༌། ལོ་ཕྱུགས་རྟག་ཏུ་ལེགས་པའི་གཏམ་རྒྱུད་བྱུང་འདུག ངོ་ཚ་དང་ཁྲེལ་གཞུང་ཀུན་ནས་དོར་ཏེ། དུས་རྒྱུན་དུ་འདོད་པའི་ཧམ་སེམས་མེ་ལྟར་འབར་བའི་འགྲོ་བ་མི་ཀྱེ། གོང་གི་གཏམ་རྒྱུད་དེར་བལྟས་ན་ཡིད་འོང་གི་སྲོག་ཆགས་འདི་ཚོས་ང་ཚོ་འགྲོ་བ་མིའི་རིགས་ལ་ཡ་རབས་ཀྱི་ལམ་ཁ་བཟང་བོ་ཞིག་བསྟན་འདུག ང་ཚོས་ཀྱང་ཡ་རབས་ཀྱི་མིག་དཔེ་འདི་ལ་སློབ་སྤྱོང་བྱས་ནས། གཞན་གྱི་གནས་མལ་བཙན་གྱིས་འཕྲོགས་པ། གཞན་གྱི་རྒྱུ་ནོར་ཧམ་ཟ་བྱེད་པ། གཞན་ལ་ཐུབ་ཚོད་དང་གཉའ་གནོན་བྱེད་པ་སོགས་དོར་འོས་པའི་བྱ་ངན་འདི་རིགས་དོར་ཏེ། སྔ་གཞུག་གི་གོ་རིམ་ལ་བརྩི་འཇོག་སོགས་གནས་ལུགས་ཡང་དག་པ་བརྩིས་ན་མི་འགྲིག་གམ། ང་ཚོ་ནི་སྲོག་ཆགས་ཀྱི་རིགས་མཐོ་ཤོས་སུ་གླེང་གི་མེད་དམ། ང་ཚོ་དུད་འགྲོ་ལས་རྗེས་ལུས་ཡིན་ན་རུང་ངམ། ང་ཚོས་རྒྱུ་འབྲས་དང་གནས་ལུགས་མ་བརྩིས་ན། ལས་མ་རབས་དེའི་མཐུ་ལ་བརྟེན་ནས་ང་ཚོའི་གོ་ལ་འདི་ཉིད་སྟོང་བའི་དབྱིངས་སུ་འཐིམ་ཡང་སྲིད་པ་ཞིག་མ་རེད་དམ།