མཚན་མོའི་སྐད་ཆ།



ཆོས་ཤུལ་གསང་བདག







དད་པ་མེད་ཀི་མ་གསུངས། །

བདག་སེམས་ཁྱོད་ཀྱིས་མི་རྟོགས། །

རང་རང་སེམས་ཀྱི་གསང་བ། །

སུ་དང་གང་ལ་མི་བཤད། །



བདག་ལ་སློབ་གསོ་མ་གཏོང༌། །

ལམ་ཁ་རང་གིས་བདམས་ཡོད། །

མི་ཁ་གཏམ་གྱི་མཚོ་མོར། །

ཡ་ལན་སློག་འདོད་མི་འདུག།



རི་རབ་བརྒལ་ནས་འགྲོ་དུས། །

རིག་པའི་སྒོ་ཆེན་རྙེད་ཡོད། །

ཐ་ཆུང་མཐའ་ཡི་མི་ལ། །

བློ་སེམས་གཏོད་དགོས་མི་འདུག།



ཆུང་ཆུང་བྱིས་པའི་བློ་ལ། །

བྱིལ་བྱིལ་གཏོང་དགོས་མི་འདུག།

རང་སེམས་འབྱར་བའི་རིག་པ། །

དཀའ་སྡུག་ཁྲོད་ནས་བཙལ་ཡིན། །



ཨ་ཇོ་ཁེར་འགྲོ་ཞིག་ལ། །

སྡང་མིག་བགྲད་དང་མ་བགྲད། །

རང་རང་སེམས་སུ་ཡོད་པས། །

ཁྱོད་ཀྱི་ཕྱོགས་སུ་མི་བལྟ། །



མཚན་མོའི་རྨི་ལམ་དབུས་ན། །

ཆིག་ལབ་རྒྱག་དགོས་བྱུང་བ། །

གཞན་ལ་ངན་ཁག་མི་དཀྲི། །

ངན་ཁག་རང་ལ་དཀྲིས་ཆོག།



སེམས་དང་བསམ་པ་གཅིག་པའི། །

སྙིང་དང་ཉེ་བའི་གྲོགས་དག།

ཐག་རིང་ཡུལ་ལ་སོང་ན། །

དྲན་པའི་གཞས་ཤིག་གཏོང་འདོད། །



མི་ངན་གཏམ་གྱི་མཚོ་མོ། །

གཡས་དང་གཡོན་ནས་བཞག་ཡོད། །

རང་རང་འགྲོ་ལམ་ས་དེ། །

སུ་དང་གང་གིས་མི་ཁོག།

༢༠༠༩ལོའི་ཟླ༡པོའི་ཚེས༡༩དགོང་མོ་བྲིས།