ཝེ་ཨེ་ནའི་གནའ་རབས་རོལ་མོའི་ཚབ་བྱེད་མི་སྣ་དང་པོ། སྐུ་ཞབས་ཧེ་ཏུང་།

1732ལོའི་ཟླ4པའི་ཚེས1ཉིན། ཝི་ཨེ་ན་གནའ་རབས་རོལ་མོའི་རྨང་འདིང་མཁན་སྐུ་ཞབས་ཧེ་ཏུང་ཨོ་སི་ཐྲིར་ཡའི་ལྷོ་ཕྱོགས་ཀྱི་ཧང་གྷ་རིའི་རྒྱལ་མཚམས་དང་འབྲེལ་བའི་ཞིང་གྲོང་ཞིག་ནས་སྐྱེས་པ་དང་། 1809ལོའི་ཟླ5པའི་ཚེས1ཉིན་ཝི་ཨེ་ན་རུ་སྐུ་གཤེགས། སྐུ་ཞབས་ཧེ་ཏུང་ལགས་ནི་འཛམ་གླིང་རོལ་མོའི་ལོ་རྒྱུས་སྟེང་ཤུགས་རྐྱེན་ཆེན་པོ་བསླངས་མྱོང་བའི་རོལ་མོའི་མཁས་པ་ཞིག་སྟེ། ཝི་ཨེ་ན་གནའ་རབས་རོལ་མོའི་ཚབ་བྱེད་མི་སྣ་དང་པོ་ཡིན་ལ། གསར་སྐྲུན་གྱི་སྙིང་སྟོབས་ལྡན་པའི་གཞས་གདངས་རྩོམ་པ་པོ་ཞིག་ཀྱང་ཡིན། སྐུ་ཞབས་ཧེ་ཏུང་གི་ཡབ་ནི་ཤིང་བཟོ་ཞིག་ཡིན་ལ་ཤིང་རྟ་བཟོ་བ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ཁོང་གི་ཡུམ་ནི་སྐུ་དྲག་ཁྱིམ་རྒྱུད་ཅིག་གི་ཇ་མ་རེད། སྤྱིར་ཁོང་གི་ཕ་མ་གཉིས་ནི་ཆེས་སྤྱིར་བཏང་གི་ངལ་རྩོལ་པ་ཕལ་བ་ཞིག་ཡིན་ཡང་ཁོ་ཚོ་རོལ་མོ་ལ་ཧ་ཅང་དགའ། དེ་བས་ཧེ་ཏུང་ཆུང་དུས་ནས་རོལ་མོ་སྒྱུ་རྩལ་ལ་རང་བཞིན་གྱིས་ལས་འབྲེལ་ཞིག་ཆགས་སོང་པ་རེད། ཁོང་གི་ཁྱིམ་ཚང་དབུལ་བོ་དབུལ་རྐྱང་ཡིན་པས་དགོང་ལོ་དྲུག་གི་སྟེང་སྐུ་ཞབས་ཁོང་ཕ་མ་གཉིས་དང་ཁ་བྲལ་ཏེ་ཝི་ཨེ་ན་ནར་སློབ་སྦྱོང་ལ་བསྐྱོད། ཁོང་ལ་ཆུང་དུས་ནས་རོལ་མོའི་ཐད་ལྷན་སྐྱེས་ཀྱི་ཡོན་སྟོབས་ཁྱད་པར་བ་ཞིག་མངའ་པས་ལོ་བརྒྱད་ཀྱི་སྟེང་སྐབས་དེའི་ཧྲི་ཐེ་ཧྥང་ཆོས་ཚོགས་ཀྱི་བྱིས་པའི་མཉམ་ལེན་ཚོགས་པའི་ཚོགས་མིར་བདམས། ཉིན་ཞིག་ཨོ་སི་ཐྲིར་ཡའི་རྒྱལ་མོས་མཉམ་ལེན་ཚོགས་པ་དེས་བླངས་པའི་གླུ་དབྱངས་ལ་རོལ་མྱོང་བྱ་སྐབས། གློ་བུར་དུ་མཉམ་ལེན་རུ་ཁག་དེ་ལས་གཞན་དག་གི་གདངས་དང་མི་འཕྲོད་པའི་སྐད་ཞིག་ཐོན་པར་རྒྱལ་མོ་དེས། བྱིས་པ་འདིའི་སྐད་ནི་ཁྭ་ཏ་གྲགས་པ་དང་མཚུངས་ཞེས་སྡིགས་དམོད་བྱས་པ་དང་དེའི་རྗེས་ཀྱི་ལོ་ངོ་བཅུའི་རིང་ལ་ཁོང་གནས་ངེས་མེད་དུ་འཁྱམ་ནས་གཞན་གྱི་གཡོག་པོ་དང་སྒོ་སྲུང་བ། ཡི་གེ་སྐྱེལ་མཁན། ལྷམ་ཕྱི་མཁན་སོགས་བྱས་ནས་དཀའ་ཚེགས་ཀྱི་འཚོ་བ་རོལ་བ་རེད། 1760ལོར། ཁོང་གིས་ཁེ་ལི་ཆུང་མར་བླངས་པ་དེས་སྐྱོ་གར་རང་བཞིན་གྱི་ནོར་འཁྲུལ་ཞིག་བཟོས་པ་རེད་དེ། ཁོང་གི་ཆུང་མ་ནི་ལུས་སྟོབས་ཆེ་ཞིང་ཤེས་ཡོན་དམན་པ། རང་གཤིས་རྩུབ་ཅིང་སེམས་རྒྱུད་བཙོག་པ་ཞིག་ཡིན་པས་ཁོ་མོས་འཚོ་བའི་སྟེང་ནས་སྐུ་ཞབས་ཧེ་ཏུང་ལ་མནར་གཅོད་བཟོས་པར་མ་ཟད། ནམ་རྒྱུན་ཁོང་གི་འབད་བརྩོན་ལ་བརྟེན་ནས་གསར་རྩོམ་བྱས་པའི་རོལ་མོའི་བརྩམས་ཆོས་ཀྱིས་སྒྲོག་ཙེ་ཕྱི་བ་དང་ཁ་ཟས་གཅུད་པ། ཀ་ར་གོར་སོབ་ཀྱི་སྣོད་བཟོ་བ་སོགས་བྱས་ནས་མེད་པར་བཟོས་པ་རེད། ཡིིན་ཡང་སྟབས་ལེགས་པ་ཞིག་ལ་མི་གཞན་ཞིག་གིས་ཁོང་གི་ཤེས་སྟོབས་ཁྱད་པར་བའི་འཇོན་ནུས་དེ་མཐོང་ནས་ཁོང་ཡ་ང་བའི་ཉམ་ཐག་གི་འཚོ་སྟངས་དེ་ལས་བསྐྱབས་པ་རེད། དུས་སྐབས་དེར་ཁོང་གིས་དཀའ་ངལ་ག་ཚོད་ཅིག་བརྒྱབ་ཡང་རོལ་མོར་བཅངས་པའི་ལྷག་བསམ་གྱི་འདུན་མ་དེར་འགྱུར་བ་ཏོག་ཙམ་ཡང་མ་བྱུང་པས། ཁོང་གི་དད་འདུན་གྱི་སྙིང་སྟོབས་དེ་ལ་ཧང་གྷ་རིའི་སྐུ་དྲག་ཨེ་ཟི་ཐིག་ཧཱ་ཆིས་ཀྱི་རྒྱབ་སྐྱོར་ཐོབ་ནས་ཕོ་བྲང་གི་རོལ་མོའི་སློབ་དཔོན་དུ་གྱུར་པ་རེད། ཁོང་གི་བརྩམས་ཆོས་ཕལ་ཆེ་བ་ཞིག་བར་སྐབས་དེར་ཡོངས་འགྲུབ་བྱས་པ་རེད། སྐུ་ཞབས་ཧེ་ཏུང་ནི་བློ་དཀར་གཞུང་དྲང་དང་རྩེ་དགོད་ལ་དགའ་བའི་མི་ཆོས་རིང་ལུགས་པ་ཞིག་ཡིན་ཏེ། ཁོང་གི་རང་གཤིས་སུ་གྲུབ་པའི་སྣང་ཚུལ་དེ་དག་ཁོང་གི་རོལ་མོའི་བརྩམས་ཆོས་ཁྲོད་ལྷག་ཏུ་གསལ་ལ། ཁོང་གིས་ད་དུང་ན་གཞོན་རོལ་མོ་པ་མའོ་ཏྲ་ཐི་དང་པེ་ཏོ་ཧྥུན་སོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ཞིང་དེ་དག་གི་དགེ་རྒན་ཡང་བྱས་མྱོང་པས། ཁོ་ཚོས་སྐུ་ཞབས་ཧེ་ཏུང་ལ་ང་ཚོའི་ཡབ་ཆེན་ཞེས་འབོད་བཞིན་ཡོད། 1791ལོར་དབྱིན་ཇི་རྒྱལ་ཁབ་ཀྱིས་གདན་འདྲེན་ཞུས་པ་ལྟར་སྐུ་ཞབས་ཁོང་ལོན་ཏོན་ལ་འཚམས་འདྲིར་ཕེབས། བར་སྐབས་དེར་ཁོང་རོལ་མོ་བ་གྲགས་ཅན་སྐུ་ཞབས་ཧིན་རྡུ་ཨར་ལ་རྗེས་དྲན་བྱེད་པའི་རོལ་མོའི་ཚོགས་འདུ་ཞིག་ལ་ཞུགས་པ་དང་། སྐུ་ཞབས་ཧིན་རྡུ་ཨར་གྱི་བརྩམས་ཆོས་གྲགས་ཅན«ཧཱ་ལིས་ལོ་ཡཱ»ཞེས་པའི་བརྩམས་ཆོས་དེ་ཚོགས་ཁང་དུ་ལྷང་ལྷང་གྲགས་སྐབས། དགོང་ལོ་དྲུག་ཅུར་སོན་པའི་སྐུ་ཞབས་ཧེ་ཏུང་གིས་གློ་བུར་དུ་ལག་གཉིས་གནམ་ལ་བཏེགས་ཤིང་སྐད་གསེང་མཐོན་པོས“ཧིན་རྡུ་ཨར་ནི་ང་ཚོ་ཚང་མའི་སློབ་དཔོན་ཡིན”ཞེས་སྨྲས་རྗེས་བྱིས་པ་ཞིག་དང་འདྲ་བར་ངུ་བཤུམ་བྱས་པར་ཚོགས་ར་ཡོངས་རེ་ཞིག་ཁུ་སིམ་མེར་གྱུར་པ་རེད། 1809ལོའི་ཟླ5པའི་ཚེས31ཉིན། སྐུ་ཞབས་ཧེ་ཏུང་ཝེ་ཨེ་ན་ནས་སྐུ་གཤེགས་པ་དང་དགོང་ལོ་བདུན་ཅུ་དོན་བདུན་རེད།

ཝེ་ཨེ་ནའི་ཧེ་ཏུང་དངོས་མང་བཤམས་སྟོན་ཁང་།

ཧེ་ཏུང་གི་སྐུ་པར།

སྦྲག་རྟགས་སྟེང་གི་སྐུ་ཞབས་ཧེ་ཏུང་།

ཕ་ཡུལ་མི་དམངས་ཀྱིས་བཞེངས་པའི་ཁོང་གི་རྗེས་དྲན་རྡོ་རིང་།

རྩོམ་སྒྲིག་པ། ལོ་ཙཱ་པ། ཚེ་བཀྲ།