འཇར་པན་དུ་སླེབས་པའི་མཐོང་ཐོས།

ཐུབ་བསྟན་ཉི་མ།







ཀ་གདུང་དྲལ་ཕྱམ་བརྩིགས་པས་ཡོངས་དབེན་ཞིང་། །

ཁ་དོག་ཚོན་གྱི་ཞལ་བ་མ་བྱུགས་པར། །

ག་ལེར་བལྟས་ན་ངོ་མཚར་འབུམ་ལྡན་དགོན། །

ང་རང་ཅིན་ཏུར་སླེབས་དུས་ཐོག་མར་མཇལ། །



ཅ་ལེ་ཅོ་ལེའི་སྤྲོས་པ་མི་མང་ཞིང་། །

ཆ་མེད་ཡུལ་གྱི་རྒྱུས་མེད་མགྲོན་པོ་ལ། །

ཇ་ཆང་ཞིམ་དགུའི་སྐྱེམས་དང་ལྷན་ཅིག་ཏུ། །

ཉ་ཤ་རློན་པའི་ཟས་ཀྱི་གསོལ་སྟོན་དྲངས། །



ཏ་ཐྰ་ག་ཏྰའི་དགོངས་པའི་བྱིན་རླབས་ཀྱིས། །

ཐ་མལ་སོ་སྐྱེའི་རྒྱུད་རྣམས་འདུལ་བའི་སླད། །

ད་ལྟ་བྱིས་པའི་དུས་ནས་བཟང་བསླབས་ཏེ། །

ན་གཞོན་ཚོགས་རྣམས་གཤིས་འཇམ་ཡོན་གྱིས་ཕྱུག །







པ་ཎིའི་རྒྱུན་ལ་འཁུ་བའི་བརྩོན་འགྲུས་དང་། །

ཕ་ལམ་རྡོ་རྗེ་ལྟ་བུའི་སྙིང་སྟོབས་ཀྱིས། །

བ་གམ་མཐོར་བརྩེགས་དགུང་ལ་རེག་པ་སོགས། །

མ་ལུས་སྲིད་པའི་འབྱོར་པ་མཐའ་དག་བསྐྲུན། །



ཙ་ལེ་ཙོ་ལེའི་བྱ་བར་མི་སྤྲོ་ཞིང༌། །

ཚ་ཚ་ངར་ངར་རང་བབ་ལས་ལ་བརྩོན། །

ཛ་སེ་ཛོ་སེའི་མི་ཚོགས་མི་དགོས་པར། །

ཝ་ལེར་སེམས་ལ་ཤར་ཀུན་ཡུད་ཀྱིས་བསྒྲུབས། །



ཞྭ་གོས་ཕལ་ཆེར་དེང་རབས་འགྲོས་དང་བསྟུན། །

ཟ་འཐུང་བྱེད་ཚུལ་གནའ་བོའི་རང་སྲོལ་བསྐྱངས། །

འ་འུར་བག་མེད་སྤྱོད་པས་ཡོངས་དབེན་པ། །

ཡ་རབ་ཆོས་མཐུན་ཉི་འོད་རྒྱལ་ཁབ་ལགས། །



ར་རི་ཕྱོགས་ལྷུང་ཅན་གྱི་སྡང་ཞེན་དང་། །

ལ་ལུང་དཀྲུགས་པའི་སྦྱོར་ངན་ཡོངས་སྤངས་ནས། །

ཤ་ཉེ་སྤུན་གྲོགས་ལྟ་བུའི་འདུ་ཤེས་ཀྱིས། །

ས་དེར་གནས་པའི་མི་རྣམས་མཐུན་ཞིང་སྐྱིད། །



ཧ་ཅང་མཛེས་ཤིང་གཙང་བའི་གྲོང་ལྗོངས་དེར། །

ཨ་མཚར་སྣང་བའི་ལྟད་མོ་བསམ་མི་ཁྱབ། །

ཧ་ལམ་ཕྱོགས་ཙམ་མཐོང་ཐོས་གྱུར་པ་གང་། །

ཨ་རོགས་རྣམས་ལ་གཏམ་གསར་ཚུལ་དུ་སྨྲས། །

༡༩༨༨ ལོའི་གངས་དཀར་རི་བོ་དེབ་གཉིས་པ་ལས་བཏུས་ཏེ་བཀོད། །