༄༅། ། འབྲོག་ཐང་གི་དགེ་མཚན།

སྦྲ་ནག་པ།

ཞོགས་པ།

སྐྱ་རེངས་བུ་མོ་མཛེས་པའི་ལང་ཚོ་ཤར་རིའི་ཕྲག་ནས་ངོམ་དང་ལྷན། །

ལྷ་བསངས་མཆོད་པའི་དུང་བརྡ་རིང་མོས་མཛེས་ལྗོངས་ཡངས་པའི་ལྷིང་འཇགས་དཀྲོགས། །

དཔྱིད་དཔལ་བུ་མོའི་སྤྲོ་གླུ་སྙན་མོས་རྟ་ལྗང་མགྲོན་པོ་མཁའ་རུ་བསུས། །

རྟ་ནོར་ལུག་གསུམ་བརྒྱུ་པའི་འདབ་སྟོང་གོས་ལྗང་སྤང་གི་ཁྱོན་ན་བཞད། །

ཉིན་གུང་།

སྣང་གསལ་འོད་ཀྱིས་བྱུགས་པའི་སྤང་དུ་པད་དཀར་སྟོང་གི་འཆོ་སྒེག་ངོམ། །

རྐང་དྲུག་བྱེ་བའི་གཤོག་སྒྲའི་འགྱུར་ཁུགས་ཕྱོགས་བཅུའི་མཛེས་མའི་སྙན་ལ་སྒྲོག །

སྟག་ཤར་གཞོན་ནུའི་མགྲིན་དབྱངས་སྙན་མོ་རྟ་ནོར་ལུག་གིས་མཐའ་ནས་གྱེར། །

མཛའ་བརྩེ་གཅིག་ཏུ་འདྲེས་པའི་ཕོ་མོ་རབ་མཛེས་མེ་ཏོག་ཚལ་དུ་རྩེན། །

ཕྱི་དྲོ།

རྟ་བདུད་བུ་མོ་དལ་གྱིས་ཕྱིན་པའི་ནུབ་རིའི་རྩེ་ནས་ཕྱིར་མིག་གཟིགས། །

ཡིད་འོང་མཐིང་སྨུག་སྦྲ་ཡི་འདབས་སུ་རྟ་ནོར་ལུག་གིས་སྐར་ཚོགས་བཀྲ། །

ཐུལ་དཀར་འབྲི་མོའི་ངུར་སྒྲ་རིང་མོ་སྨན་ཆུང་བུ་མོའི་སྙན་ལ་འཁྲོལ། །

སྒེག་ལྡན་མཛེས་མའི་བཞོ་དབྱངས་སྙན་མོས་བཅོ་ལྔའི་ལྷ་ཟླ་མཁའ་རུ་དྲངས། །